ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གི་སྲིད་ཇུས་དང་ནད་དུག་ཁྱབ་གདལ།


༄༅།། ཟླ་བ་སྔོན་མའི་ཟླ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཟེར་པའི་རིམས་ནད་གསར་པ་ཞིག་ཁྱབ་གདལ་ཕྱིན། ད་བར་རྒྱ་ནག་གཅིག་པུར་མི་༡༧༠་ཡས་མས་ཤིག་འཆི་སྐྱོན་དང་མི་༨༠༠༠་ཙམ་ལ་ནད་དུགཕོག རྒྱ་ནག་གི་དྲྭ་དམངས་དང་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་གིས་ཝུ་ཧན་གྲོང་ཁྱེར་གཞུང་དང་ཧུ་པེ་ཞིང་ཆེན་གཞུང་གིས་འཕྲལ་དུ་རིམས་ནད་དེའི་ཉེན་ཚབས་ཆེ་ཆུངངོས་མ་ཟིན་པར་སྣང་ཆུང་བཏང་འདུག ཁོ་ཚོས་ནད་དུག་དེ་སྔོན་འགོག་ཐུབ་པ་དང་བཅོས་ཐབས་ཡོད་པ་ཞིག་ལ་བརྩིས་ནས་རིམས་ནད་སྔོན་འགོག་གི་ལས་དོན་ཞིབ་ཚགས་ཤིག་བསྒྲུབས་མི་འདུག དེར་བརྟེན་དེང་སྐབས་རྒྱ་ནག་ལ་ཚབས་ཆེའི་འགོས་ནད་དེ་ཁྱབ་གདལ་ཕྱིན་ནས་རྒྱལ་ཁབ་གཞན་ལའང་ཁྱབ་གྱི་འདུག རྒྱ་ནག་གཞུང་གིས་རྟག་ཏུ་དཔལ་འབྱོར་དང་ཚོང་ལས། ཆབ་སྲིད་དང་སྤྱི་ཚོགས་བརྟན་ལྷིང་བཅས་ལ་བསམ་ཞིབ་བྱས་ནས་གསར་འགྱུར་ཁྱབ་སྤེལ་ལ་ཚོད་འཛིན་དང་དམ་དྲག་བྱེད་ཀྱི་ཡོད་པས་ཝུ་ཧན་གྱི་རིམས་ནད་དེ་རྒྱ་ནག་རྒྱལ་ཡོངས་དང་འཛམ་གླིང་ཡུལ་གྲུ་ཁག་ལ་ཁྱབ་ཀྱི་ཡོད་པ་རེད། གལ་སྲིད་ནད་ཡམས་ཀྱི་རིགས་རྣམས་སྔོན་འགག་ནུས་པ་ཐོན་པ་ཞིག་བྱ་དགོས་ན་རྒྱ་ནག་གཞུང་གིས་གསར་འགྱུར་ཁྱབ་སྤེལ་་བཀག་སྡོམ་མེད་པར་གཏོང་དགོས་ཞེས་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་དང་ཁ་རྡུང་བཏང་འདུག

ཕྱི་ཟླ་དང་པོའི་ཚེས་༣༠་ཉིན་རྒྱ་ནག་གི་ནད་རིགས་བཀག་སྡོམ་དང་སྔོན་འགོག་ལྟེ་གནས་ཁང་གི་ནད་ཡམས་བརྟག་ཞིབ་པ་གྲགས་ཅན་ཙེང་ཀྭང་གིས་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་གློ་ཚད་རིམ་ནད་དེ་སྔོན་འགོག་བྱེད་ཐུབ་ཀྱི་མེད་པ་ནི་གཞུང་གི་སྲིད་ཇུས་ལ་འབྲེལ་བ་འདུག རྒྱ་ནག་གཞུང་གིདཔལ་འབྱོར་གྱི་ཤུགས་རྐྱེན་དང་དཔྱིད་གསར་དུས་ཆེན་སྐབས་སུ་བཟའ་མི་ལྷན་འཛོམས་གྱི་འགྲིམ་འགྲུལ་སོགས་ཕྱོགས་མང་པོ་ཞིག་ལ་བསམ་བློ་གཏོང་དགོས་པའང་བདེནཚན་རིག་པ་ཚོས་བཤད་པའི་སྐད་ཆ་རྣམས་ཀྱང་ཕྱོགས་གཅིག་ལ་བལྟས་ནས་བཤད་པའི་སྐད་ཆ་རེད། གལ་སྲིད་ཚན་རིག་པས་བཤད་པའི་སྐད་ཆ་དེ་ཚོར་ཉན་འཇོག་མ་བྱས་ན་བསམ་གཞིག་གཞན་པ་རྣམས་དོན་མེད་དུ་འགྱུར་རྒྱུ་ཡིན་ཤས་ཆེ། ངས་ཝུ་ཧན་གྲོང་ཁྱེར་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་མེད། ཡིན་ནའང་ཉམས་མྱོང་ལ་གཞིགས་ནས་སློབ་གསོ་འཐོབ་དགོས། གཞུང་གི་འབྲེལ་ཡོད་ལས་སྣེ་ཚོས་ལས་དོན་ཆེ་ཕྲ་ཅི་ཞིག་ཐག་གཅོད་བྱས་ཀྱང་ཚན་རིག་པའི་ལྟ་ཕྱོགས་ལ་རིན་ཐང་བརྩི་དགོས་ཞེས་ནན་བརྗོད་བྱས་འདུག

ཝུ་ཧན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཀྲུག་ཤཱན་ཝང་གིས་གཟའ་ཟླ་བའི་ཉིན་གཞུང་གཉེར་བརྙན་འཕྲིན་ཁང་ལ་ངས་གོང་རིམ་གྱི་མཐོ་རིམ་འགོ་ཁྲིད་ཚོའི་ཐག་གཅོད་དང་བཀའ་འཁྲོལ་ལ་སྒུག་བསྡད་པ་ཡིན་ཞེས་བཤད། རྒྱ་ནག་གི་ནད་ཡམས་བརྟག་ཞིབ་པ་ཙེང་ཀྭང་གིས་ཝུ་ཧན་གྲོང་ཁྱེར་ལ་ཐོག་མར་ཏོག་དབྱིབས་ནད་དུག་ཁྱབ་པའི་དུས་སུ་ཉམས་ཞིབ་མཁས་པ་ཚོས་ཀྱང་ནད་རྟགས་དེ་ངོས་འཛིན་ཐུབ་རྒྱུ་ཁག་པོ་འདུག ཝུ་ཧན་ལ་ཞིབ་འཇུག་བྱེད་དུ་སྔ་གཞུག་ཐེངས་གཉིས་ཕྱིན་པ་ཡིན། འགྲོ་ཐེངས་སྔ་གཞུག་གཉིས་ཀར་རིམས་ནད་འགོས་ཁྱབ་ཀྱི་ཉེན་ཚབས་ཆེ་ཆུང་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཞིག་ཡོད་པ་སྣང་ཚོར་བྱུང་སོང་། ནད་ཡམས་བརྟག་ཞིབ་པ་ཚོས་ནད་ཡམས་ཁྱབ་གདལ་ལ་གཞིགས་ནས་རང་གི་རྙེད་དོན་སྔོན་མ་ཁག་ལ་འགྱུར་བ་གཏོང་རྒྱུ་ཆོས་ཉིད་རེད། སྨན་པ་ཞིག་ཚུད་པའི་མི་༨་གྱིས་ཕྱི་ཟླ་༡༢་པའི་ཟླ་མཇུག་ཏུ་ཝུ་ཧན་ལ་ནད་དུག་ཅིག་ཁྱབ་ཀྱི་ཡོད་པའི་གནས་ཚུལ་ཁྱབ་སྤེལ་བྱས་པར་མངོན་པར་བསྟོད་འོས་ཅེས་བསྔགས་བརྗོད་བྱས་འདུག འོན་ཀྱང་ཝུ་ཧན་གྲོང་ཁྱེར་གྱི་ཉེན་རྟོག་པ་ཚོས་མི་དེ་ཚོར་དཀྲོག་གཏམ་བསྒྲགས་པའི་ནག་ཉེས་བཙུགས་ནས་ཉེན་རྟོག་ཁང་ལ་འབོད་འགུགས་བྱས་ཤིང་། སྨན་པ་དེས་སྤེལ་བའི་གསར་འགྱུར་ནང་དུ་རིམས་ནད་དེ་གློ་ཚད་ཀྱི་ངོ་བོ་ཞིག་ཡིན་པ་དང་ལོ་ཤས་གོང་དུ་པེ་ཅིང་ལ་ཁྱབ་པའི་སཱར་སི་གློད་ཚད་ལྟ་བུ་ཞིག་རེད་ཅེས་བསྒྲགས་ཀྱང་ཕྱིས་སུ་རིམས་ནད་དེ་ངོ་ཐག་གཅོད་ཁག་པོ་འདུག་ཅེས་དྲྭ་ལམ་དུ་གནས་ཚུལ་སྤེལ་ཡོད་པ་རེད།

རྒྱ་གཞུང་གི་ཉེན་རྟོག་པ་ཚོས་སཱར་སི་གློ་ཚད་ལྟ་བུ་ཞིག་རེད་ཟེར་པ་དེར་ཁུངས་སྐྱེལ་བྱེད་ཐུབ་ཀྱི་མི་འདུག དེས་ན་མི་དེ་ཚོས་དྲྭ་ལམ་དུ་སྤེལ་བའི་གསར་འགྱུར་རྣམས་དཀྲོག་གཏམ་ལ་བརྩིས་པ་ཡིན། མི་དེ་ཚོས་མུ་མཐུད་དུ་དྲྭ་ལམ་ལ་དཀྲོག་གཏམ་སྒྲོགས་མི་ཆོག་ཅེས་བཀག ཙེང་ཀྭང་གིས་ཝུ་ཧན་གྱི་རིམས་ནད་ཕྱིར་བསྒྲགས་བྱེད་མཁན་ཚོར་སྐྱེ་བོ་རྣམ་དཔྱོད་ཅན་རྣམས་ཞེས་བསྔགས་བརྗོད་བྱས་ཡོད་པར་མ་ཟད། རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གིས་ཀྱང་ཝུ་ཧན་གྱི་ཉེན་རྟོག་པའི་ལས་དོན་སྒྲུབ་ཕྱོགས་ལ་སྐྱོན་བརྗོད་བྱས་འདུག དཔེར་ན་རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གི་སྤྱི་ཚོགས་དྲྭ་ལམ་དུ་རྩོམ་ཡིག་ཅིག་བཀོད་ཡོད་པ་དེར་པེ་ཅིང་གི་ཁྲིམས་དཔོན་ཞིག་གིས་ཝུ་ཧན་གྲོང་ཁྱེར་གྱི་མི་དེ་ཚོས་ཁྱབ་སྤེལ་བྱས་པའི་གནས་ཚུལ་དེ་རྣམས་མཐའ་གཅིག་ཏུ་ཁུངས་བདེན་ཞིག་མིན་རུང་དེ་ལ་བཟོད་སྒོམ་བྱ་དགོས་ངེས་ཡིན། གལ་སྲིད་དཀྲོག་གཏམ་རེད་ཟེར་པ་དེར་མི་མང་གིས་ཡིད་ཆེས་བྱས་ཡོད་པ་ཡིན་ན་སྟབས་ལེགས་ཤིག་བྱུང་ཡོད། དེ་ནས་མང་ཚོགས་ཀྱིས་ཁ་རས་རྒྱག་རྒྱུ་དང་གཙང་སྦྲ་བྱ་རྒྱུ། རི་སྐྱེས་སྲོག་ཆགས་ཀྱི་ཤ་འཚོང་རྒྱག་སའི་ཁྲོམ་ར་དེར་གཡོལ་ཡོད་རྒྱུ་རེད་ཅེས་བཤད། ཚན་རིག་པ་མང་པོ་ཞིག་གིས་ཝུ་ཧན་གྲོང་ཁྱེར་གྱི་ཁྲོམ་ར་ཞིག་ཏུ་སྲོག་ཆགས་འདྲ་མིན་གྱི་ཤ་རིགས་སྣ་ཚོགས་ཤིག་འཚོང་གི་ཡོད་པ་དེ་ནས་ཏོག་དབྱིབས་ནད་དུག་ཁྱབ་ཡོད་དོགས་པ་བྱེད་ཀྱི་ཡོད་པ་རེད།

ཙེང་ཀྭང་གིས་ཝུ་ཧན་གྲོང་ཁྱེར་གཞུང་གིས་འགྲིམ་འགྲུལ་དང་སྐྱེལ་འདྲེན་བཀག་པར་རྒྱབ་སྐྱོར་ཡོད། འདི་ནི་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་འགོག་ཐབས་ཀྱི་ཐབས་ཇུས་ནུས་པ་ལྡན་པ་ཞིག་རེད། མི་མང་ལ་འགྲིམ་འགྲུལ་བཀག་པ་དང་ཕྱི་ལ་འབྲེལ་བ་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་པ་འདིར་གྲུབ་འབྲས་ཐོན་ནས་རིམས་ནད་བཀག་སྡོམ་ཐུབ་ན་ང་ཚོས་ཝུ་ཧན་མི་དམངས་ལ་བཀའ་དྲིན་ཆེ་ཞུ་དགོས་ཞེས་བཤད་འདུག ཝུ་ཧན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཀྲུག་ཤཱེན་ཝང་གིས་འགྲིམ་འགྲུལ་དང་སྐྱེལ་འདྲེན་བཀག་སྡོམ་བྱས་ནས་མི་མང་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད། ངས་ཐག་གཅོད་དེར་འགྱུར་བ་གཏོང་རྒྱུ་མིན། ཝུ་ཧན་གྲོང་ཁྱེར་ལ་འགྲིམ་འགྲུལ་དང་སྐྱེལ་འདྲེན་བཀག་པར་ངས་ཕྱིས་སུ་ཉེས་ཆད་འཁུར་དགོས་ཐུག་ཀྱང་ཆད་པ་འཁུར་འདོད་ཡོད། འགྲིམ་འགྲུལ་བཀག་པ་དེས་རིམས་ནད་ཁྱབ་གདལ་འགྲོ་རྒྱུ་འགོག་སྲིད། ཡིན་ནའང་ཐག་གཅོད་འདི་ཡང་དག་པ་ཞིག་ཡིན་མིན་ནི་མ་འོངས་པར་ལོ་རྒྱུས་ཀྱི་ཁ་གྲག་གི་རེད། ཇི་སྲིད་རིམས་ནད་འདི་འགོག་ཐུབ་ན་མི་མང་རྣམས་མ་དགའ་བ་དང་ང་ཚོ་རང་གི་ལས་གནས་ནས་གནས་དབྱུང་གཏོང་སྲིད་ཀྱང་ཁྱད་པར་མེད་ཅེས་དབུས་བརྙན་འཕྲིན་ཁང་ལ་བཤད་འདུག

XS
SM
MD
LG