ཉེ་བའི་ལོ་གཉིས་ཀྱི་རིང་ལ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་ས་ཡ་གཅིག་ལྷག་བཀག་ཉར་ཁང་འདྲ་མིན་གྱི་ནང་དུ་བཅུག་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་སྤྲོད་པ་དང་ངལ་རྩལ་བཙན་བཀོལ་བྱེད་ཀྱི་ཡོད་པ་རྣམས་འཛམ་གླིང་ཡོངས་གྲགས་ཀྱིས་ངོས་འཛིན་བྱས་པ་དང་བསྟུན། ཨ་རིའི་གཞུང་གིས་ཞིན་ཅང་གི་ཡུ་གུར་བར་དྲག་གནོན་དང་སྟངས་འཛིན་བྱ་རྒྱུར་མཉམ་འབྲེལ་བྱེད་མཁན་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ཁག་ཅིག་ལ་ཨ་མི་རི་ཀས་ཚོང་འབྲེལ་བྱེད་མི་ཆོག དེ་བཞིན་བཀག་ཉར་བྱས་ཡོད་པའི་ཡུ་གུར་བ་ཚོ་ངལ་རྩོལ་བཀོལ་ནས་བཟོ་རུ་བཅུག་པའི་ཐོན་རྫས་ཁག་ཨ་རིའི་ཁྲོམ་རའི་ནང་དུ་ཚོང་འགྲེམ་བྱེད་མི་ཆོག་ཅེས་ཐག་གཅོད་བྱས་འདུག
རྒྱ་ནག་གི་ལྟ་འཛིན་བརྙན་མིག་བཟོ་མཁན་གྱི་བཟོ་ཚང་ཁང་ཧེ་ཁང་ཝེ་ཧྲི་གཙོ་བོ་བྱས་པའི་བཟོ་ཚོང་ལས་ཁང་ཁག་ཅིག་ལ་ཨ་རིས་ཚོང་འབྲེལ་བྱེད་མི་ཆོག་པའོ་ཐོ་གཞུང་ནག་པོར་བཀོད། ཉེ་ཆར་འཇར་མན་གྱི་ཉམས་ཞིབ་པ་ཨེ་ཌི་རོན་ཟན་ཛིས་ཉམས་ཞིབ་བྱས་པ་ལྟར་ན་ཞིན་ཅང་གི་ཧི་ཐན་ས་ཁུལ་དུ་ཡོད་པའི་ཐེ་ཏ་གྱོན་ཆས་བཟོ་ཁང་གིས་བཟོས་པའི་བྱིས་པའི་གྱོན་ཆས་མང་པོ་ཞིག་ཨ་རིའི་ཚོང་ཁང་ཆེ་གྲས་་ཁཱོ་སི་ཁཱོ་སོགས་ཀྱི་ནང་དུ་འཚོང་རྒྱུ་ཡོད་ཀྱང་ད་ལྟ་གོན་པ་འཚོང་ས་དེ་ཚོ་སྟོང་པར་གྱུར་ཅིང་། ཚོང་གཉེར་བས་ཉེ་སྔོན་ཞིག་ནས་ཚོང་རྫས་འདི་དག་ཚོང་སྒྱུར་བྱ་རྒྱུ་མཚམས་འཇོག་བྱས་པ་ཡིན་ཞེས་འགྲེལ་བཤད་བརྒྱབ་འདུག
ཞིན་ཅང་གི་ཧི་ཐན་ཐེ་ཏ་གྱོན་ཆས་བཟོ་ཚོང་ཁང་ནི་རྒྱ་ནག་དབུས་གཞུང་གི་བརྙན་འཕྲིན་འཕྲིན་ལམ་དུ་ཁྱབ་བསྒྲགས་བྱས་མྱོང་བའི་བཟོ་ཚོང་ལས་ཁང་མིང་གྲགས་ཅན་ཞིག་ཡིན་ཞིང་། ཉེ་ཆར་ཟླ་དགུ་བའི་ཟླ་མཇུག་ནས་བཟུང་སྟེ་བཟོ་ཚོང་ཁང་འདི་གཙོས་བཟོ་ཚོང་ཁང་བཞིའི་ཐོན་རྫས་རྣམས་ཨ་རིས་ནང་འདྲེན་བྱ་རྒྱུ་མཚམས་བཞག དེའི་རྒྱུ་མཚན་གཙོ་བོ་ནི་བཟོ་ཚོང་ཁང་དེ་དག་གི་ཐོན་རྫས་ཕལ་ཆེ་བ་ཞིག་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་ཡོད་པའི་ཡུ་གུར་བ་ཚོ་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་རུ་བཅུག་པའི་དངོས་ཟོག་ཡིན་པའི་ངོས་འཛིན་བྱས་འདུག ཁྱད་པར་དུ་ད་ལོར་མཚོན་ན་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱིས་ཡུ་གུར་བ་སྡེབ་བཟུང་བྱས་ཡོད་པར་དོ་སྣང་བྱ་རྒྱུ་ཤུགས་ཆེ་རུ་སོང་ཞིང་། འཇར་མན་གྱི་ཉམས་ཞིབ་པ་ཨེ་ཌི་རན་ཟན་ཛིས་འཛམ་གླིང་གི་ལོ་རྒྱུས་སྟེང་གི་ཡ་ཧུ་དྷ་པ་སྡེབ་གསོད་བྱས་པའི་རྗེས་སུ་ཞིན་ཅང་གི་ཡུ་གུར་བར་འབྱུང་གི་ཡོད་པའི་གནས་ཚུལ་འདི་རིགས་རྒྱུད་དབྱེ་འབྱེད་དང་ཆོས་ལུགས་དབྱེ་འབྱེད་ཀྱིས་མི་མང་སྡེབ་བཟུང་བྱས་པ་ཆེས་མང་ཤོས་རེད། འདི་ནི་རྒྱ་ནག་གཞུང་གི་དུས་ཡུན་རིང་པོར་འཆར་འགོད་བྱས་པ་དང་གོ་རིམ་ལྡན་པའི་སྲིད་ཇུས་ཤིག་རེད། ད་ལྟ་གཞི་ནས་མི་རྣམས་ཀྱིས་འཐབ་ཇུས་འདིའི་རྒྱབ་ལྗོངས་ཀྱི་འཆར་གཞི་ངོ་མ་དེ་ཧ་གོ་ཡོད་པ་རེད་ཅེས་བཤད་འདུག
ཁ་སང་སྤྱི་ཚེས་བཅུ་བདུན་གྱི་ཉིན་ཨ་རིའི་གྲོས་ཚོགས་སུ་ཞིན་ཅང་གི་གནད་དོན་ལ་ཉན་ཞིབ་ཚོགས་འདུ་ཞིག་ཚོགས་པའི་སྐབས་སུའང་འཇར་མན་གྱི་ཉམས་ཞིབ་པ་དེས་གོང་ལྟར་སྙན་གསེང་ཞུས་ཤིང་། ཁོང་གིས་རྒྱ་ནག་གཞུང་ལ་མཉམ་འབྲེལ་བྱས་ཏེ་ཞིན་ཅང་གི་བཀག་ཉར་ཁང་དུ་ཚོང་ལས་གཉེར་མཁན་གྱི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་གཞུང་གི་རོགས་དངུལ་མང་པོ་སྟེར་གྱི་ཡོད་པར་མ་ཟད། དངོས་ཟོག་གི་རིན་གོང་ཁེ་བོ་བྱས་ནས་ཡུ་གུར་མི་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་ངལ་རྩོལ་གྱི་ནུས་ཤུགས་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་པ་ནི་ཚུལ་མིན་གྱི་ཁེ་ཕན་དང་དབང་ཆ་ལོག་སྤྱོད་ཅིག་ཡིན་པ་དང་། བཟོ་གྲྭ་དེ་དག་ནས་ཐོན་པའི་ཚོང་རྫས་ཀྱི་གོང་མར་བཅག་སྟེ་རྒྱལ་སྤྱིའི་སྟེང་གི་བཟོ་ཚོང་ལས་ཁང་གཞན་ཁག་ལ་ཁ་གཏད་བཅག་ནས་གནོན་ཤུགས་སྤྲོད་བཞིན་འདུག་བཤད།
ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷིའོ་སོགས་ཀྱིས་ཞིན་ཅང་གི་བཀག་ཉར་ཁང་དང་བཟོ་གྲྭའི་ངོ་བོ་གཅིག་ཏུ་བསྡུས་ནས་རྒྱ་གཞུང་གིས་ཡུ་གུར་བ་ཚོར་ངལ་རྩོལ་བཀོལ་བཞིན་ཡོད་ཅིང་། ཞིན་ཅང་ས་ཁུལ་འདི་བཙན་དབང་གི་ངལ་རྩོལ་ར་བ་ཞིག་ཏུ་གྱུར་ཡོད་པ་དང་ས་གནས་དེའི་རྒྱ་ཁྱོན་གྱིས་ཨ་རིའི་ཁེ་ལི་ཧྥོིར་ཎི་ཡ་དང་མོན་ཊ་ན། ཊེཀ་སི་སི། ཧྥུ་ལོ་རི་ཌ་བཅས་མཉམ་དུ་བསྡོམས་པའི་རྒྱ་ཁྱོན་ལས་ལྷག་ཅིག་ཟིན་ཡོད། རྒྱ་ནག་གཞུང་གིས་ཡུ་གུར་བ་གཙོ་བོར་བྱས་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ས་ཡ་གཅིག་བརྒལ་བ་འཁལ་འཐག་བཟོ་གྲྭ་སོགས་བཟོ་གྲྭ་འདྲ་མིན་གྱི་ནང་དུ་ངལ་རྩོལ་བཀོལ་གྱི་འདུག ཁོ་ཚོ་རང་གི་ཆོས་ལུགས་དད་མོས་ཀྱི་བྱེད་སྒོ་ཁག་ལའང་མཉམ་ཞུགས་བྱེད་དུ་འཇུག་གི་མི་འདུག འདི་ནི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྲན་གཡོག་ལམ་ལུགས་རེད་ཅེས་སྡོམ་ཚིག་བཀོད་འདུག