ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གོང་དཀར་གནམ་ཐང་རྒྱ་བསྐྱེད།


༄༅།། རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གྱི་ས་མཚམས་ཁག་ལ་དམག་སྒར་རྒྱ་བསྐྱེད་དང་གནམ་ཐང་གསར་པ་འཛུགས་སྐྲུན། རྒྱ་ལམ་དང་མེ་འཁོར་ལྕགས་ལམ་སོགས་ཞི་དྲག་གཉིས་ལ་བཀོལ་སྤྱོད་བྱེད་ཆོག་པའི་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་ཞིག་གཉེར་བཞིན་ཡོད་ཅིང་། ད་ལྟ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་གོང་དཀར་གནམ་ཐང་རྒྱ་བསྐྱེད་ནས་ཞི་དྲག་གཉིས་ལ་བཀོལ་སྤྱོད་བྱེད་ཆོག་པ་ཞིག་ཏུ་སྒྱུར་གྱིན་འདུག ༢༠༡༧་ལོར་རྒྱ་དཀར་ནག་གཉིས་ཀས་འབྲོག་ལམ་ས་ཁུལ་དུ་དམག་འཁྲུག་རྒྱག་གྲབས་ཀྱང་རྒྱ་ནག་གིས་བོད་ཀྱི་ས་མཚམས་ཁག་ཏུ་དམག་སྒར་དང་དམག་དོན་རྟེན་གཞི་ཁག་འཛུགས་སྐྲུན་བྱ་རྒྱུ་མཚམས་བཞག་མི་འདུག་ཅེས་རྒྱ་གར་གྱི་གསང་བའི་ལས་ཁང་གིས་གནས་ཚུལ་སྤེལ་འདུག

རྒྱ་གར་གྱི་གསང་བའི་ལས་ཁང་གིས་བཏོན་པའི་སྙན་ཐོ་དེར་གོང་དཀར་གནམ་ཐང་ནི་ཞི་བའི་འགྲིམ་འགྲུལ་དང་སྐྱེལ་འདྲེན་གྱི་གནམ་ཐང་ཞིག་ཡིན་རུང་རྒྱ་གཞུང་གིས་གོང་དཀར་གནམ་ཐང་རྒྱ་བསྐྱེད་ནས་དམག་དོན་ལ་བཀོལ་སྤྱོད་བྱེད་ཆོག་པ་ཞིག་ཏུ་སྒྱུར་གྱི་ཡོད་པ་དང་གོང་དཀར་གནམ་ཐང་ནི་རྒྱ་གར་གྱི་ས་མཚམས་ལ་རྒྱང་ཐག་རིང་པོ་མིན། ད་དུང་རྒྱ་ནག་གིས་༣+༡་ལས་གཞིའི་ཁོངས་སུ་པུ་ཧྲང་དང་ལྷུན་རྩེ། དིང་རི་བཅས་སུ་གནམ་ཐང་གསར་པ་གསུམ་འཛུགས་སྐྲུན་བྱ་འཆར་འདུག བོད་རང་སྐྱོང་ལྗོངས་སུ་གནམ་ཐང་འཛུགས་སྐྲུན་གྱི་ལས་གཞི་གཉེར་གྱི་ཡོད་པ་མཐའ་དག་རྒྱ་ནག་གི་ནུབ་བྱང་དམག་ཁུལ་ཁང་གིས་སྟངས་འཛིན་བྱེད་ཀྱིན་འདུག རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ཁྱབ་བསྒྲགས་བྱས་པ་ལྟར་རྒྱ་ནག་གིས་ཨ་སྒོར་དུང་ཕྱུར་༢༦་འགྲོ་གྲོན་བཏང་ནས་༢༠༢༡་ལོར་ལས་གཞི་དེ་རྣམས་དངོས་སུ་འགྲུབ་རྒྱུ་རེད་ཅེས་གནས་ཚུལ་སྤེལ།།

ལོ་གཉིས་ཀྱི་གོང་དུ་རྒྱ་དཀར་ནག་གཉིས་འབྲོག་ལམ་ས་ཁུལ་དུ་ཐུག་གྲབས་བྱུང་བའི་མངོན་གསལ་གྱི་ཛ་དྲག་དེ་རྣམས་དེང་སྐབས་ཡོངས་སུ་ཞི་འཇམ་སོང་རུང་ཕྱོགས་གཉིས་ཀས་དུས་དང་རྣམ་པ་ཀུན་ཏུ་ས་མཚམས་ཀྱི་བདེ་འཇགས་སྲུང་སྐྱོབ་ཡར་རྒྱས་དང་ས་མཚམས་ཀྱི་དམག་འཁྲུག་ལ་གྲ་སྒྲིག་བྱས་ནས་བསྡད་ཡོད་པ་མཚམས་ཆད་མེད་ཅིང་། རྒྱ་གར་གྱི་གསང་བའི་ལས་ཁང་གིས་བོད་ཀྱི་ས་ཐོག་ཏུ་རྒྱ་ནག་གིས་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་རྣམས་ང་ཚོས་ཤེས་རྟོགས་བྱུང་ཡོད། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་ས་མཚམས་ཁག་ཏུ་དམག་སྒར་གསར་པ་འགའ་ཞིག་འཛུགས་སྐྲུན་བྱས་ཡོད་པར་མ་ཟད། རྒྱ་ནག་གི་ཡུའི་ཤཱི་ས་ཁུལ་དུ་གསང་བའི་མེ་ཤུགས་འཕུར་མདེལ་གྱི་རུ་ཁག་ཅིག་ཡོད་པ་དང་ཡུའི་ཤཱི་ས་ཁུལ་ནི་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་ནས་རྒྱང་ཁད་སྤྱི་ལེ་༩༠༠་ཐམ་པའི་མཚམས་སུ་འདུག རྒྱ་ནག་གིས་ཡུའི་ཤཱི་ས་ཁུལ་གྱི་གསང་བའི་དམག་སྒར་དེར་འབེན་སྟོན་འཕྲུལ་ཆས་རང་འགྲིགས་སུ་ཡོད་པའི་མེ་ཤུགས་འཕུར་མདེལ་༦༢༢་བཙུགས་འདུག་ཅེས་བཤད།།

རྒྱ་ནག་གིས་བོད་ཀྱི་ནུབ་ཕྱོགས་ས་མཚམས་ཁག་ཏུ་རྒྱང་ཐག་རིང་པོར་སྙོམ་པའི་མེ་ཤུགས་འཕུར་མདེལ་བཙུགས་ནས་མཐའ་མཚམས་སྲུང་སྐྱོབ་དམ་པོ་བྱེད་ཀྱི་ཡོད་ཅིང་། ད་ལྟ་རྒྱ་ནག་གི་ཡུའི་ཤཱི་ས་ཁུལ་གྱི་དམག་སྒར་གསར་པ་དེ་དག་གི་ནང་དུ་རྒྱང་སྙོབ་མེ་ཤུགས་འཕུར་མདེལ་འཛུགས་ཀྱི་ཡོད་པ་དེ་ལ་བལྟས་ན་རྒྱ་ནག་གིས་བོད་ཀྱི་ལྷོ་ཕྱོགས་ས་མཚམས་ཁག་ལའང་སྲུང་སྐྱོབ་དམ་པོ་བྱ་རྒྱུའི་དམག་དོན་འཐབ་ཇུས་ལག་ལེན་བསྟར་གྱི་ཡོད་པ་ར་འཕྲོད། དེར་བརྟེན་རྒྱ་གར་གྱི་འབྲེལ་ཡོད་ཚན་པ་ཁག་གིས་ཡུའི་ཤཱི་ས་ཁུལ་གྱི་དམག་སྒར་གསར་པ་དེ་དག་གི་ནང་དུ་མེ་ཤུགས་འཕུར་མདེལ་དང་མཚོན་ཆ་གསར་པ་ཅི་ཞིག་འགྲེམ་འཇོག་བྱེད་ཀྱི་ཡོད་མེད་ལ་རྟག་ཞིབ་གཟབ་ནན་བྱེད་བཞིན་ཡོད། ཡུའི་ཤཱི་ས་གནས་སུ་མེ་ཤུགས་འཕུར་མདེལ་གྱི་རྟེན་གཞི་ཚུགས་ན་རྒྱ་གར་ལའང་བར་ཐག་ཉེ་རུ་འགྲོ་རྒྱུ་ཡིན་པས་རྒྱ་ནག་གི་དམག་དོན་འཐབ་ཇུས་དེའི་དམིགས་ཡུལ་ལ་རྒྱ་གར་གྱིས་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་བཤད།།

རྒྱ་ནག་གིས་ལ་དྭགས་ཕྱོགས་ཀྱི་སྤང་ཀོང་མཚོ་ནང་དུ་མི་དམངས་བཅིངས་འགྲོལ་དམག་གི་མྱུར་སྐྱོད་གློག་གྲུའི་སྐོར་གཡེང་བ་འགྲེམ་འཇོག་བྱས་ཡོད་པས་མྱུར་སྐྱོད་གློག་གྲུ་གཅིག་གི་ནང་དུ་དམག་༥-༧་བར་དུ་ཤོང་། དེས་ན་ལ་དྭགས་ཕྱོགས་སུ་རྒྱ་དཀར་ནག་གཉིས་འཁྲུག་རྩོད་བྱུང་ན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་མགྱོགས་མྱུར་ངང་དུ་རྒྱ་གར་ཕྱོགས་སུ་དམག་དཔུང་འགྲེམ་འཇོག་དང་སྐྱེལ་འདྲེན་བྱེད་ཐུབ་པ། རྒྱ་གར་ལ་རྒོལ་རྡུང་བྱེད་ཐུབ་པའི་ནུས་པ་ཆེ་རུ་ཕྱིན་ཡོད། རྒྱ་གར་གྱི་དམག་དོན་གསང་བའི་ལས་ཁང་གིས་སྤང་ཀོང་མཚོ་ནས་རྒྱ་ནག་གི་བཙན་འཛུལ་ཇི་ལྟར་འབྱུང་རྒྱུ་མིན་ལ་རྟོག་ཞིབ་བྱེད་བཞིན་ཡོད། འབྲོག་ལམ་གྱི་དོན་རྐྱེན་རྗེས་སུ་རྒྱ་དཀར་ནག་གི་དམག་དཔུང་རྣམས་ལ་དྭགས་ཕྱོགས་སུ་མཉམ་འབྲེལ་དང་ཕན་ཚུན་འབྲེལ་བ་བྱ་རྒྱུ་ཇེ་མང་དུ་སོང་ཡོད་པ་སྟེ། ཁོ་ཚོས་མཐོ་ཚད་ཧྥི་ཊི་༡༦༠༠༠་ལྷག་གི་ཡན་ཆད་དེར་མཉམ་དུ་རླུང་སྦྱོར་རྩལ་སྦྱོང་བྱས་ནས་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་གིས་ཕུན་ཚུན་ཡིད་ཆེས་བྱེད་ཐུབ་པའི་འབྲེལ་བ་འཛུགས་ཐབས་བྱེད་ཀྱི་ཡོད་པ་པ་དང་། ༢༠༡༧་ལོར་རྒྱ་ནག་གི་མཐའ་མཚམས་སྲུང་དམག་རྣམས་སྤང་ཀོང་མཚོ་བརྒལ་ནས་རྒྱ་གར་གྱི་ས་མཚམས་བར་དུ་སིམ་འཛུལ་བྱས་འདུག

XS
SM
MD
LG