ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མུ་རུའི་སོལ་གཏེར་དང་ཁོར་ཡུག་གཏོར་བཤིག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ཁྲིམས་གླེང་དྲྭ་ཚིགས་སུ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ། ཐེམ་ཆེན་རྫོང་གི་ཁོངས་སུ་ཡོད་པའི་མུ་རུའི་རྡོ་སོལ་གཏེར་ཁའི་སྐོར་གྱི་ཆེད་སྒྲིག་བརྙན་ཐུང་ཞིག་ཐོན་ཡོད་ཅིང་། ད་ལྟའི་བར་དུ་བོང་སྟག་མུ་རུའི་རྡོ་སོལ་གྱི་གཏེར་ཁ་འབོར་ཆེན་བརྐོས་པ་ནི་གཞུང་གི་ཡིག་ཆ་རྫུན་བཟོ་བྱས་ནས་གཏེར་ཁ་བརྐོས་ཡོད་པ་ཐེར་འདོན་བྱུང་འདུག འདས་པའི་ལོ་མང་རིང་བརྐོས་པའི་མུ་རུའི་སོལ་གཏེར་སྐོར་ལ་གླེང་སློང་གསར་པ་ཞིག་མགོ་བརྩམས། ཁྲིམས་གླེང་དྲྭ་ཚིགས་སུ་མུ་རུའི་རྩྭ་ཐང་ཡིག་ཆ་རྫུན་མས་བརླག་ཅེས་འཁོད་པའི་བརྙན་ཐུང་དེར་སྔོན་ཆད་མུ་རུ་ཞེས་པའི་ས་ཆ་ནི་སྣོད་བཅུད་ཕུན་སུམ་ཚོགས་པའི་རྩྭ་ཐང་ཞིག་ཡི་མོད། འོན་ཀྱང་ད་ལྟ་མིག་གིས་བལྟ་བར་མི་བཟོད་པའི་ས་ཆ་ཤིག་ཏུ་གྱུར། དེ་ནི་རྒྱ་ནག་གཞུང་གིས་༡༩༥༩་ལོ་ནས་མུ་མཐུད་དུ་ས་གནས་དེར་རྡོ་སོལ་བརྐོ་རུ་བཅུག་པའི་མཇུག་འབྲས་སུ་སྣང་། ༡༩༨༠་གྱ་གྲངས་སུ་རྡོལ་སོལ་བརྐོ་རྒྱུའི་ལས་མཚམས་བཞག་ཀྱང་མུ་རུའི་རྡོ་སོལ་གྱི་གཏེར་ཁ་ཕུན་སུམ་ཚོགས་པས་གཏེར་བརྐོ་མཁན་ཚོས་ཧམ་པ་ཟློག་མ་ཐུབ་པར་བསྐྱར་དུ་གཏེར་ཁ་བརྐོ་འགོ་ཚུགས། སྤྱི་ལོ་༢༠༠༡་ཡས་མས་སུ་ཧོང་ཀོང་གི་ཧྭ་ལི་གཏེར་བརྐོ་སྤྱི་གཉེར་ཁང་གིས་རྒྱ་གཞུང་ལ་གཏེར་ཁ་བརྐོ་ཆོག་པའི་ཐོབ་ཐང་ཡིག་ཆ་ཞུས་ནས་ཞིན་ཆིན་དང་ཅིན་ཐུའུ་ཏི་ཞེས་པའི་སྤྱི་གཉེར་ཁང་གཉིས་ལ་ཡིག་ཆ་དེ་བཙོངས།།

སྤྱི་ལོ་༢༠༠༥་ཡས་མས་སུ་ཞིན་ཆིན་དང་ཅིན་ཐུའུ་ཏི་ཞེས་པའི་སྤྱི་གཉེར་ཁང་གཉིས་ལ་སོལ་གཏེར་བརྐོ་ཆོག་པའི་དབང་ཚད་ཐད་དུ་འགལ་ཟླ་བྱུང་། འགལ་ཟླ་སེལ་ཆེད་དུ་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཡིག་ཆ་ཨང་༢༩༦་ཅེས་པ་བཏོན་ནས་ཞིན་ཆིན་སྤྱི་གཉེར་ཁང་གཅིག་པུར་མུ་རུའི་གཏེར་ཁ་བརྐོ་ཆོག་པའི་ཆོག་མཆན་སྤྲད། ཞིན་ཆིན་སྤྱི་གཉེར་ཁང་གིས་ལོ་བཅུའི་རིང་ལ་མུ་རུ་ས་གནས་སུ་གཏེར་ཁ་རྒྱ་ཆེན་པོ་བརྐོས་ཏེ་མུ་རུ་རྩྭ་ཐང་གི་སྣོད་བཅུད་གཉིས་ལ་གཏོར་བརླག་ཚབས་ཆེན་ཕོག ཡིན་ནའང་སྤྱི་ལོ་༢༠༡༦་ལོར་མཚོ་སྔོན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་མཚོ་སྔོན་ཚོང་དོན་ཐིན་གྱིས་སྤྲད་པའི་ཡིག་ཆ་ཨང་༢༩༦་ཞེས་པའི་ཆོག་མཆན་དེ་རྫུན་བཟོ་བྱས་པ་ཞིག་ཡིན་པ་ར་སྤྲོད་བྱས་ནས་མཚོ་སྔོན་ཚོང་དོན་ཐིན་གྱིས་ཡིག་ཆ་དེ་ཕྱིར་འཐེན་བྱས་ཀྱང་གནས་ཚུལ་གྱི་བྱུང་རིམ་གསལ་བོར་འགྲེལ་བཤད་བྱས་མེད་པར་མ་ཟད། མུ་རུའི་རྡོ་སོལ་གྱི་གཏེར་ཁ་ད་དུང་ཡང་མུ་མཐུད་དུ་བརྐོ་བཞིན་པ་རེད།།

༢༠༡༨་ལོའི་ཟླ་དགུ་པའི་ནང་དུ་ཡིག་ཆ་ཨང་༢༩༦་རྫུན་བཟོ་བྱེད་མཁན་གྱི་མཚོ་སྔོན་ཚོང་དོན་ཐིན་གྱི་ལས་ཁུངས་ཀྱི་འགན་འཛིན་ཝང་ཞིས་ཧིའུ་འཛིན་བཟུང་བྱས་ཀྱང་མུ་རུའི་རྩྭ་ཐང་དུ་ཡིག་ཆ་རྫུན་མ་དེ་ལ་བརྟེན་ནས་རྡོ་སོལ་ཏུན་བྱེ་བ་གཅིག་སྔོག་འདོན་བྱས་འདུག ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༤༦་སྟེ། བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་གྱི་རྒྱ་ཁྱོན་ལྟ་བུ་ཞིག་ལ་གཏོར་བརླག་ཚབས་ཆེན་ཐེབས། མུ་རུ་རྩྭ་ཐང་གི་སྣོད་བཅུད་གཉིས་ལ་གནོད་པ་ཕོག་ནས་མི་ཟོག་གཉིས་ཀྱི་འཚོ་གནས་ལ་ཉེན་ཁ་འཕྲད། ཉེན་ཁ་དེ་འདྲ་ཞིག་བྱུང་འདོན་ནི་གཏེར་བརྐོ་མཁན་ཚོས་རྒྱ་སྒོར་དུང་ཕྱུར་བརྒྱ་ལྷག་གི་ཁེ་བཟང་བླངས་ཡོད་པར་ཐུག་འདུག་ཅེས་བརྙན་ཐུང་དེར་བསྒྲགས། མུ་རུའི་རྡོི་སོལ་གྱི་གཏེར་ཁ་ནི་མཚོ་ནུབ་ཁུལ། ཐེམ་ཆེན་རྫོང་མུ་རུ་གྲོང་རྡལ་དུ་ཡོད་ཅིང་། རྒྱ་གཞུང་གིས་མུ་རུ་གྲོང་རྡལ་ངོ་སྤྲོད་བྱས་ཡོད་པ་ལྟར་ན་གྲོང་རྡལ་དེའི་རྡོ་སོལ་གྱི་གཏེར་ཁའི་ཚད་ནི་ཏུན་དུང་ཕྱུར་༣༣་ཡོད་པས་གྲོང་རྡལ་དེ་གཅིག་པུའི་རྡོ་སོལ་གྱི་གཏེར་ཁ་དེ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྡོི་སོལ་གྱི་གཏེར་ཁའི་བརྒྱ་ཆ་༦༧་ཟིན། སྔ་རྗེས་སུ་ཆིན་ཧྭ་དང་དབྱི་ཧེ། ཞིན་ཆིན་དང་ཅང་ཚང་ནུས་ཁུངས། མཚོ་སྔོན་ཅོ་མཱེ། ཧྲིན་ཞུང་། ཀྲུང་ཏི་ཀོང་སོགས་སྤྱི་གཉེར་ལས་ཁང་ཁག་གིས་མུ་རུ་རྩ་ཐང་དུ་སོལ་གཏེར་བརྐོས་ཡོད་པའི་གནས་ཚུལ་འཁོད་འདུག

XS
SM
MD
LG