ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་རྒྱུ་ཡིན་སྐད།


༄༅།། གཟའ་འཁོར་འདིར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་སྲིད་འཛིན་ཞིས་ཅིན་ཕིང་ལ་ཐུག་འཕྲད་དང་རྒྱ་ནག་གིས་ཨ་རི་དང་བྱང་ཀོ་རི་ཡའི་གྲོས་མོལ་ལ་རྒྱབ་སྐྱོར་ཡོད་ཅེས་གྲོས་བསྡུར་བྱུང་བའི་གནས་ཚུལ་སྤེལ་རུང་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་རྒྱུའི་གནས་ཚུལ་གང་ཡང་བསྒྲགས་མེད་ཅིང་། ཕྱི་ཟླ་དང་པོའི་ཚེས་༡༠་ཉིན་བྱང་ཀོ་རི་ཡའི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་ཐེངས་འདིར་ཀིམ་ཇུང་ཨུན་པེ་ཅིང་ལ་ཕེབས་པའི་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་དགོས་པའི་མགྲོན་འབོད་བྱས་པར་ཞིས་ཅིན་ཕིང་གིས་དགའ་མོས་ཀྱི་སྒོ་ནས་དང་ལེན་བྱས་སོང་ཞེས་ཁྱབ་བསྒྲགས་བྱས་ཀྱང་རྒྱ་ནག་གིས་བྱང་ཀོ་རི་ཡའི་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་དེར་ངེས་གཏན་བྱས་མེད་པ་དང་། ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཨ་མི་རི་ཀར་ཕོག་ཐུག་མི་གཏོང་བའི་ཆེད་དུ་གསར་འགྱུར་དེ་ཕྱིར་བསྒྲགས་བྱེད་ཀྱི་མེད་པ་ཡིན་སྲིད། གཅིག་བྱས་ན་ཞིས་ཅིན་ཕིང་གིས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་དང་ཚོང་དོན་གྲོས་མོལ་སོགས་ལ་བསམ་བློ་བཏང་ནས་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་རྒྱུ་ཕྱིར་འགྱངས་བྱ་སྲིད་ཅེས་གླེང་།།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གསར་འགོད་ལྷན་ཚོགས་སྐབས་སུ་མགྲིན་ཚབ་པ་ལུ་ཀང་གིས་བྱང་ཀོ་རི་ཡའི་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་དེ་བདེན་པ་ཡིན་པའི་ངེས་གཏན་ནམ། ཡང་ན་གསར་འགྱུར་དེ་བདེན་པ་མ་རེད་ཅེས་དགག་པའང་བརྒྱབ་མེད་ཅིང་། ལུ་ཀང་གིས་སྲིད་འཛིན་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་རྒྱུའི་གནས་ཚུལ་འཐོན་ན་ང་ཚོས་འཕྲལ་དུ་ཁྱབ་བསྒྲགས་བྱ་ངེས་ཡིན་ཞེས་བཤད། བྱང་ཀོ་རི་ཡས་ན་ནིང་ཕྱི་ཟླ་༩་པ་ཚུད་པའི་ཞིས་ཅིན་ཕིང་གཏན་ཞལ་གཉིས་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་དགོས་ཞེས་མགྲོན་འབོད་ཐེངས་འགའ་ཞིག་བྱས་པ་དང་། ན་ནིང་ཕྱི་ཟླ་༡༠་པའི་ནང་དུ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཀྱང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་མགྱོགས་མྱུར་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ཀྱི་རེད་ཅེས་བཤད་པར་མ་ཟད། སྔ་ལོའི་ཕྱི་ཟླ་༤་པ་ནས་རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་བ་ཡག་ཏུ་སོང་སྟེ་༢༠༡༨་གཅིག་པུར་ཀོམ་ཇུང་ཨུན་དང་ཞིས་ཅིན་ཕིང་གཉིས་རྒྱ་ནག་གི་ས་ཐོག་ཏུ་ཐུག་འཕྲད་གྲོས་མོལ་ཐེངས་གསུམ་བྱུང་། བདུན་ཕྲག་འདིར་ཀིམ་ཇུང་ཨུན་རྒྱ་ནག་ལ་ཕེབས་ནས་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་ཐེངས་༤་པ་བྱུང་ཞིང་། ཀིམ་ཇུང་ཨུན་གྱིས་༢༠༡༡་ནས་བྱང་ཀོ་རི་ཡའི་སྲིད་དབང་བཟུང་བ་དང་ཞིས་ཅིན་ཕིང་གིས་༢༠༡༢་ནས་རྒྱ་ནག་གི་སྲིད་དབང་བཟུང་མོད། སྔ་ལོ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱ་ཆོག་ཅེས་ཁྱབ་བསྒྲགས་མ་བྱས་བར་དུ་ཞིས་ཅིན་ཕིང་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱས་མེད་པ་རེད།།

རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་ཀིམ་ཇུང་ཨུན་གྱིས་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་དགོས་པའི་མགྲོན་འབོད་བྱས་པའི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱེད་ཀྱི་མེད་རུང་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་གྲོས་མོལ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་བཏང་ནས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་རྩ་དོན་ལ་རྒྱབ་སྐྱོར་ཡོད། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀས་གུ་བཤངས་བྱ་དགོས་པ་དང་ལངས་ཕྱོགས་མཁྲེགས་འཛིན་བྱས་ན་དགེ་མཚན་མེད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པའི་སྐབས་སུ་གཉིས་ཕན་གྱི་གྲོས་མཐུན་ཞིག་འཇོག་ཐུབ་པའི་རེ་བ་ཡོད། ཀོ་རི་ཡའི་གླིང་ཟུར་གྱི་ཛ་དྲག་ཞི་འཇམ་འགྲོ་བཞིན་ཡོད་པ་དང་རྒྱ་ནག་གིས་ཀོ་རི་ཡའི་གླིང་ཟུར་ལ་ཞི་བདེ་སྐྲུན་ཕྱོགས་སུ་ལེགས་སྐྱེས་མངོན་གསལ་དོད་པོ་ཞིག་ཕུལ་ཡོད། བྱང་ཀོ་རི་ཡ་མི་མང་དམངས་གཙོའི་རྒྱལ་ཁབ་ཀྱིས་ཀྱང་རྒྱ་ནག་གི་ལེགས་སྐྱེས་གནད་འགག་ཆེན་པོ་ཡིན་པ་ཤེས་རྟོགས་བྱུང་ཡོད། ཨ་རིའི་སྲིད་འཛིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཟུང་གི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པའི་སྐབས་སུ་གྲུབ་འབྲས་སྟོན་རྒྱུ་ཡོད་པ་ཞིག་བྱུང་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགའ་བསུ་ཞུ་ངེས་ཡིན་ཞེས་གསར་འགྱུར་སྤེལ་འདུག

གཟའ་འཁོར་འདིར་ཀིམ་ཇུང་ཨུན་རྒྱ་ནག་ལ་གློ་བུར་དུ་འཚམས་འདྲིར་ཕེབས་པ་དང་རྒྱ་ནག་དང་ཨ་མི་རི་ཀའི་སྐུ་ཚབ་ཚོས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་རིམ་པ་ཞིག་བྱེད་ཀྱི་ཡོད་པ་གཉིས་དུས་མཉམ་དུ་ཁེལ། ཉམས་ཞིབ་པ་ཁག་ཅིག་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་སོང་ཡོད་པ་དང་། ཨ་རི་དང་རྒྱ་ནག་གཉིས་ལ་ཚོང་དམག་ལངས་ཡོད་པའི་གོ་སྐབས་བཟུང་ནས་ཨ་རི་དང་བྱང་ཀོ་རི་ཡའི་གྲོས་མོལ་ལ་གྲ་སྒྲིག ཁོ་པས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཐུག་འཕྲད་གྲོས་མོལ་བྱེད་དུས་རང་གི་ལངས་ཕྱོགས་སྲ་བརྟན་གཏོང་ཐུབ་པའི་ཆེད་དུ་གྲ་སྒྲིག་བྱེད་ཀྱི་ཡོད་པ་ཡིན་སྲིད། ཡིན་ནའང་རྒྱ་ནག་གཞུང་གིས་ཞིས་ཅན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་དགོས་པའི་མགྲོན་འབོད་བྱས་ཡོད་པའི་གསར་འགྱུར་ཙམ་ཡང་ཕྱིར་བསྒྲགས་བྱེད་ཀྱི་མེད་པ་དེ་ལ་བལྟས་ཚེ། རྒྱ་ནག་གིས་བྱང་ཀོ་རི་ཡའི་ཆེད་དུ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་འགལ་རྐྱེན་སློང་འདོད་མེད་པ་དང་རྒྱ་ནག་གི་ཁེ་ཕན་ལ་གྱོང་གུད་ཕོག་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་འདོད་མེད་པའི་རྟགས་མཚན་རེད་ཅེས་དོགས་སློང་བྱེད་ཀྱི་ཡོད་ཅིང་། ཁར་ཎི་གྷི་དང་ཆིང་ཧྭ་ཉམས་ཞིབ་ཁང་གི་མཁས་པ་ཀྲའོ་ཏུང་གིས་ཞིས་ཅིན་ཕིང་ངོ་མར་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ན་བྱང་ཀོ་རི་ཡ་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ལ་གྱུར་པའི་རྗེས་སུ་པེ་ཅིང་དང་ཕིང་དབྱང་གི་འབྲེལ་བ་ཕྱོགས་ཡོངས་སུ་སླར་གསོ་བྱུང་བ་མཚོན་ཐུབ། ཞིས་ཅིན་ཕིང་གིས་ངེས་པར་དུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་ཞེས་ནན་བརྗོད་བྱས་ནས་ཨ་མི་རི་ཀར་ཁོང་ཁྲོ་མི་སློང་བའི་འབད་བརྩོན་བྱ་དགོས། ཡིན་ནའང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་དམག་དོན་འཐབ་ཇུས་དང་བདེ་འཇགས། ཕྱི་འབྲེལ་བཅས་ལ་རྒྱ་ནག་གི་བཀོད་འདོམས་དེ་ཚོར་མཐའ་གཅིག་ཏུ་མི་ཉན་པའི་ལངས་ཕྱོགས་བཟུང་ཡོད་པས་ཞིས་ཅིན་ཕིང་གིས་བྱང་ཀོ་རི་ཡར་ཤུགས་རྐྱེན་ཅི་ཙམ་ཐེབས་རྒྱུ་ཡིན་མིན་ངེས་གཏན་མེད་ཅེས་བཤད་འདུག

XS
SM
MD
LG