ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གཅིག་གྱུར་ལ་མོས་མཐུན་མེད།


༄༅།། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གཞི་རྩའི་ཐོག་ཏུ་ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱ་དགོས་ཞེས་མི་དམངས་ཚོགས་ཁང་ཆེན་མོར་གཏམ་བཤད་བྱས་ཡོད་ཅིང་། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འཕྲལ་དུ་ཞིས་ཅིན་ཕིང་གི་གཏམ་བཤད་ལ་དགག་པ་བརྒྱབ་སྟེ་རྒྱ་ནག་གིས་ངེས་པར་དུ་ཀྲུང་ཧྭ་མིན་ཀོ་ཞེས་པ་ཞིག་ཐེ་ཝན་མཚོ་གླིང་དུ་ཚུགས་གནས་ཡིན་པའི་དངོས་ཡོད་གནས་སྟངས་ལ་ཁས་ལེན་བྱ་དགོས། ཐེ་ཝན་གྱིས་ནམ་ཡང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་ལ་ཁས་ལེན་བྱ་ཐུབ་ཐབས་མེད། ཐེ་ཝན་གྱི་རྒྱ་ཆེའི་མང་ཚོགས་རྣམས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་འདུག འདི་ནི་ཐེ་ཝན་མི་དམངས་ས་ཡ་༢༣་ཀྱི་མ་གྲོས་བསམ་པ་གཅིག་མཐུན་གྱི་ཐག་གཅོད་ཡིན་ཞེས་ལན་གླན། ད་དུང་ཐེ་ཝན་གྱི་སྟོབས་ཤུགས་གསར་པ་ཞེས་པའི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཧོང་ཀོ་ཁྲང་གིས་པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་གཅིག་ཟེར་པའི་རྩ་དོན་འདོར་དགོས། རྒྱ་ནག་གིས་ཐེ་ཝན་ལ་དོན་ཕན་ལྡན་པའི་གྲོས་མོལ་ཞིག་བྱ་དགོས་ན་རྒྱ་ནག་གཅིག་ཟེར་པའི་ལྟ་བ་འདོར་ཞེས་ངོ་དེབ་ནང་དུ་འཕྲིན་ཐུང་ཞིག་སྤེལ་ནས་ཞིས་ཅིན་ཕིང་གི་གཏམ་བཤད་ལ་དགག་པ་བརྒྱབ་འདུག

ཕྱི་ཟླ་དང་པོའི་ཚེས་༢་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེ་ཝན་གྱི་རྒྱལ་གཅེས་སྤུན་ཟླ་ཚོ་ཞེས་པར་དམིགས་བསལ་གྱི་གཏམ་བཤད་ཅིག་བྱས་ནས་རྒྱ་ནག་གིས་ཐེ་ཝན་དགྲར་འཛིན་གྱི་སྲིད་ཇུས་དོར་པ་དང་ཏིན་ཞའོ་ཕིང་གིས་མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱ་དགོས་ཞེས་ཐེ་ཝན་ལ་ཞི་བའི་སྲིད་ཇུས་ཤིག་བཟུང་ནས་ལོ་༤༠་འཁོར་པའི་དུས་དྲན་ལ་སྲུང་བརྩི་ཞུས། ཞིས་ཅིན་ཕིང་གི་གཏམ་བཤད་ནང་དུ་རྒྱ་ནག་གིས་སྔར་བཞིན་མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱ་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། གཅིག་གྱུར་ནི་སུ་གཅིག་གིས་ཀྱང་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་མདུན་སྐྱོད་ཅིག་ཡིན། ང་ཚོས་མཚོ་འགག་ཕྱོགས་གཉིས་ཀྱི་གཅིག་གྱུར་དོན་དུ་དྲག་ཤུགས་བཀོལ་རྒྱུ་མིན་ཞེས་ཁས་ལེན་ཡང་བྱེད་མི་ཐུབ། གལ་སྲིད་ཐེ་ཝན་ལ་ཕྱི་རྒྱལ་གྱིས་ཐེ་གཏོགས་བྱས་པའམ། ཡང་ན་མཚོ་གླིང་དེར་རང་བཙན་གྱི་ལས་འགུལ་སྤེལ་གྱི་ཡོད་པ་མཚམས་འཇོག་མ་བྱས་ན་རྒྱ་ནག་གིས་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་། རང་བཙན་ལས་འགུལ་ཞེས་པ་ནི་༢༠༡༦་ནས་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ནས་སྲིད་དབང་བཟུང་བ་དང་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་བ་དེར་གོ་དགོས་པ་རེད།།

ཞིས་ཅིན་ཕིང་གིས་ང་ཚོས་ཐེ་ཝན་གྱི་སྲིད་དོན་ཚོགས་པ་ཁག་ལ་གྲོས་མོལ་བྱ་འདོད་ཡོད། ཡིན་ནའང་གྲོས་མོལ་དེ་ཐེ་ཝན་རང་བཙན་གྱི་ལྟ་བ་འདོར་དགོས་པ་དང་༡༩༩༢་ལོར་བྱུང་བའི་གྲོས་མཐུན་གཞི་རྩར་འཛིན་དགོས་ཞེས་བཤད། ༡༩༩༢་ལོའི་གྲོས་མཐུན་དེ་ནི་སྐབས་དེའི་ཐེ་ཝན་གྱི་སྐུ་ཚབ་གུ་ཁྲེང་ཧྥུ་དང་རྒྱ་ནག་གི་སྐུ་ཚབ་ཝང་ཏོ་ཧན་གཉིས་ཀྱིས་འཛམ་གླིང་འདིར་རྒྱ་ནག་གཅིག་ལས་མེད། མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས། འོན་ཀྱང་རྒྱ་ནག་གཅིག་ཟེར་པ་དེར་པེ་ཅིང་དང་ཐེ་པེ་གཉིས་ཀར་མཚན་ཉིད་འཇོག་སྟངས་མ་འདྲ་བ་ཡོད་ཆོག་ཅེས་གྲོས་མཐུན་བྱུང་བས་པེ་ཅིང་གིས་རྒྱ་ནག་གཅིག་ཟེར་པ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གོ་དགོས་ཟེར་པ་དང་། ཐེ་ཝན་གྱིས་རྒྱ་ནག་གཅིག་ཟེར་པ་ནི་ཀྲུང་ཧྭ་མིན་ཀོ་ལ་གོ་དགོས་ཞེས་ཕྱོགས་གཉིས་ཀར་རྒྱ་ནག་གཅིག་ཟེར་པ་དེར་གོ་བ་ལེན་སྟངས་ཡོད་ཅིང་། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ང་ཚོས་༡༩༩༢་ལོའི་གྲོས་མཐུན་ཟེར་པ་དེར་གཏན་ནས་མོས་མཐུན་བྱས་མྱོང་མེད། ༡༩༩༢་ལོའི་གྲོས་མཐུན་ཟེར་པ་ནི་རྒྱ་ནག་གཅིག་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་པའི་གཡོ་གཏམ་ཞིག་རེད་ཅེས་བཤད། ༡༩༩༢་ལོའི་གྲོས་མཐུན་རྗེས་སུ་ཐེ་ཝན་གྱི་སྲིད་འཛིན་ལི་ཏིང་ཧུས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ནི་མཚོ་འགྲམ་རེ་ན་རང་བཙན་རྒྱལ་ཁབ་རེ་ཡིན་ཞེས་མཚན་ཉིད་གསར་པ་ཞིག་བཞག་པ་དང་། དེའི་རྗེས་སུ་སྲིད་འཛིན་ཁྲེན་ཧྲིའུ་པེན་གྱིས་ཀྱང་ཐེ་ཝན་ནི་ཁྱབ་བསྒྲགས་བྱེད་མི་དགོས་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞེས་བསྒྲགས།།

ཉེ་ཆར་ཕྱི་ཟླ་༡༡་པའི་ནང་དུ་ཐེ་ཝན་གྱི་གྲོང་ཁྱེར་ཁག་དང་ས་གནས་འགོ་ཁྲིད་རིམ་པའི་འོས་འདེམས་སྐབས་སུ་གོ་མིན་ཏང་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དང་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་སྟེ། ཉམས་ཞིབ་པ་ཁག་ཅིག་གིས་ས་གནས་འོས་འདེམས་ཀྱི་གྲུབ་འབྲས་ལ་གཞིགས་ན་ཐེ་ཝན་མི་དམངས་རྣམས་བདག་དབང་ལྡན་པའི་རང་བཙན་རྒྱལ་ཁབ་ཅིག་ལས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་རང་སྐྱོང་བྱེད་ན་དགེ་མཚན་ཡོད་པའི་ལྟ་བ་འཛིན་གྱི་ཡོད་པའི་རྟགས་མཚན་རེད་ཅེས་འགྲེལ་བཤད་བརྒྱབ། འོན་ཀྱང་ཕྱི་ལོ་གསར་པའི་གཏམ་བཤད་སྐབས་སུ་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཐེ་ཝན་གྱི་འོས་འདེམས་ནི་དམངས་གཙོའི་ཁྱད་ཆོས་ཤིག་ཡིན། ཐེ་ཝན་གྱི་རིམ་པ་ཁག་གི་གཞུང་འཛིན་ལྷན་ཁང་གང་འདྲ་ཞིག་ཡིན་རུང་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་པར་ཐེ་ཚོམ་མེད་ཅེས་ཉམས་ཞིབ་ཀྱི་གླེང་སློང་དེ་ཚོར་དགག་པ་བརྒྱབ་འདུག རྒྱ་ནག་གཞུང་གིས་ཉེ་ཆར་གསར་དུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པའི་ཐེ་ཝན་གྱི་གྲོང་ཁྱེར་ཁག་དང་ས་གནས་ཁག་གི་གོ་མིན་ཏང་གི་འགོ་ཁྲིད་ཚོར་འབྲེལ་བ་ཡར་རྒྱས་བཏང་ནས་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འགོ་ཁྲིད་པའི་ཐེ་ཝན་གྱི་དབུས་གཞུང་ནུས་མེད་ཟུར་འཇོག་བྱ་རྒྱུའི་རྩིས་རྒྱག་གི་ཡོད་ཀྱང་ཐེ་ཝན་གྱི་གོ་མིན་ཏང་གིས་འོས་འདེམས་ཐེངས་རྗེས་མར་བསམ་བློ་གཏོང་དགོས་པས་རྒྱ་ནག་གི་རེ་བ་འགྲུབ་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པ་རེད།།

ཞིས་ཅིན་ཕིང་གིས་གཏམ་བཤད་ནང་དུ་རྒྱ་མི་རིགས་ཀྱིས་རྒྱ་མི་རིགས་ལ་འཐབ་རྒོལ་མི་བྱ། རྒྱ་མི་རིགས་ཀྱིས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། ཐེ་ཝན་མི་དམངས་ལའང་འཐབ་རྒོལ་མི་བྱ། འདི་ནི་འགན་འཁྲི་ལེན་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་ལྟ་བ་ཡིན་དགོས་ཞེས་བཤད་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀར་ཉར་བྱས་ཏེ་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་སྤྲོད་ཀྱི་ཡོད་པ་དང་བོད་མི་རིགས་ལ་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པ། ཐེ་ཝན་ལ་དུས་དང་རྣམ་པ་ཀུན་ཏུ་དམག་གིས་སྡིགས་ར་སྐུལ་གྱི་ཡོད་པ་རྣམས་གླེང་སློང་བྱས་མེད་ཅིང་། ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཝང་ཏིང་ཡུའི་ཞེས་པ་ཞིག་གིས་ཧོང་ཀོང་མི་དམངས་རྣམས་སྟབས་མ་ལེགས་པར་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གཡོ་འོག་ཏུ་ཚུད་པ་རེད། ཐེ་ཝན་མི་དམངས་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་གཡོ་སྒྱུའི་འོག་ཏུ་ལས་སླ་བོར་ཚུད་རྒྱུའི་རེ་སྟོང་མ་འཆང་ན་ལེགས་ཞེས་ངོ་དེབ་ནང་དུ་འཕྲིན་ཐུང་ཞིག་སྤེལ། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རྒྱ་ནག་ལ་ཆབ་སྲིད་ཀྱི་ཀུན་སློང་ངན་པ་མེད་པར་མཚོ་འགག་ཕྱོགས་གཉིས་ཀྱི་བདེ་རྩར་དམིགས་ན་ང་ཚོས་ཀྱང་རྒྱ་ནག་ལ་གཉིས་ཕན་གྱི་འབྲེལ་བ་འཛིན་ཆོག་ཅེས་རྒྱ་ནག་ལ་འབྲེལ་བ་འཛིན་ས་ཡོད་པའི་ལན་འདེབས་ཤིག་བྱས་འདུག

XS
SM
MD
LG