ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་གུར་པ་འཛིན་བཟུང་བྱ་རྒྱུ་ཇེ་མང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ལོ་༢༠༡༧་ལོར་རྒྱ་ནག་གཞུང་གིས་ཞིན་ཅང་ལ་ཉེས་མིང་སྣ་ཚོགས་ཤིག་བཏགས་ནས་ཡུ་གུར་པ་འཛིན་བཟུང་བྱས་པའི་གྲངས་འབོར་དེ་ཉིད་རྒྱ་ནག་རྒྱལ་ཡོངས་སུ་སྤྱི་དམངས་འཛིན་བཟུང་བྱས་པའི་མིའི་གྲངས་འབོར་གྱི་བརྒྱ་ཆའི་༢༡་ཟིན་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱས་ཡོད་པའི་གྲངས་ཀ་གཞིར་བཟུང་བྱས་ན་ཉེ་བའི་ལོ་ཤས་རིང་ལ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་འཇིགས་སྐུལ་དྲག་སྤྱོད་པ་དང་རྒྱལ་ཁབ་ཁ་བྲལ་བ། མི་རིགས་རིང་ལུགས་ཀྱི་བསམ་བློ་ཐལ་སྐྱོད་པ་དང་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་པ་སོགས་ཀྱི་ཉེས་མིང་སྣ་ཚོགས་ཤིག་བཏགས་ནས་ཡུ་གུར་བ་མང་པོ་ཁྲིམས་གཏུག་དང་འཛིན་བཟུང་བྱས་ཡོད་ཅིང་། ཞིན་ཅང་གི་ས་ཁུལ་གང་སར་རྒྱུན་དུ་ཉེན་རྟོག་པས་དྲག་རྡུང་གི་ལས་འགུལ་སྤེལ་ནས་མི་མང་འཛིན་བཟུང་། མི་མང་དེ་རྣམས་འཛིན་བཟུང་བྱེད་དུས་རྒྱ་གཞུང་གི་ཉེན་རྟོག་པ་ཚོས་ཁྲིམས་ཀྱི་འགྲོ་ལུགས་ཁག་ལ་བརྩི་སྲུང་མ་བྱས་པར་སྐྱེ་བོ་ཉེས་པ་ཡོད་མེད་གཉིས་ཀ་གང་བྱུང་དུ་འཛིན་བཟུང་བྱེད་ཀྱི་ཡོད་པ་རེད། སྤྱི་ལོ་༢༠༡༠་ལོར་རྒྱ་ནག་གིས་མི་འབོར་ཞིབ་བཤེར་བྱས་ཡོད་པ་ལྟར་ན་ཞིན་ཅང་གི་མི་འབོར་གྱིས་རྒྱ་ནག་རྒྱལ་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆའི་གཅིག་དང་གྲངས་ཆུང་ལྔ་ཙམ་ཟིན། ཞིན་ཅང་གི་སྤྱིའི་མི་འབོར་གྱི་གྲས་སུ་གྲངས་ཉུང་མི་རིགས་ཀྱི་མི་འབོར་བརྒྱ་ཆའི་༦༠་ཟིན། གྲངས་ཉུང་མི་རིགས་ཀྱི་མི་འབོར་ལས་ཡུ་གུར་རིགས་ཀྱིས་བརྒྱ་ཆའི༤༦་ཟིན་གྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་ཞིན་ཅང་དུ་འཛིན་བཟུང་བྱས་ཡོད་པའི་མི་འབོར་དེ་མི་རིགས་གང་གི་ཁོངས་གཏོགས་ཡིན་མིན་གྱི་བརྒྱ་ཆའི་ཚད་བཀར་ནས་གསལ་བསྒྲགས་སྤེལ་མེད་ཀྱང་ཞིན་ཅང་གི་སྤྱིའི་མི་འབོར་གྱི་བརྒྱ་ཆའི་བསྡུར་ཚད་ལྟར་རྩིས་བརྒྱབ་ན་འཛིན་བཟུང་བྱས་པའི་མི་གྲངས་མང་ཆེ་བ་ཡུ་གུར་བ་ཡིན་ཞིང་། འདས་པའི་ལོ་ངོ་ལྔའི་རིང་ལ་རྒྱ་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་འཛིན་བཟུང་བྱས་པའི་གྲངས་འབོར་གྱི་བརྒྱ་ཆའི་༧༠་ཉེ་བ་ཞིག་སྤྱི་ལོ་༢༠༡༧་ལོར་འཛིན་བཟུང་བྱས་འདུག དེའི་རྒྱུ་མཚན་གཙོ་བོ་ནི་རྒྱ་གཞུང་གིས་ཞིན་ཅང་དུ་སྤེལ་བཞིན་པའི་རྒྱལ་ཁབ་ཁ་བྲལ་བ་དང་འཇིགས་སྐུལ་བ་སོགས་ལ་དམིགས་ནས་སྤེལ་བཞིན་པའི་དྲག་རྡུང་གི་ལས་འགུལ་བརྒྱུད་ནས་འཛིན་བཟུང་བྱེད་ཀྱི་ཡོད་པ་རེད། སྤྱིར་རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༡༧་ལོར་ཞིན་ཅང་དུ་འཛིན་བཟུང་བྱས་པའི་མིའི་གྲངས་འབོར་དེ་ཁ་གསལ་ཞིག་ཕྱིར་བསྒྲགས་བྱས་མེད་ཀྱང་་སྤྱི་ལོ་༢༠༡༣་ནས་༢༠་༡༧་བར་གྱི་སྤྱིའི་བསྡོམས་འབོར་གཅིག་པུ་བཀོད་ཡོད་མོད། སྤྱིའི་བསྡོམས་འབོར་དེར་བརྒྱ་ཆའི་སྡུར་ཚད་ལྟར་ན་སྤྱི་ལོ་༢༠༡༧་ལོར་ཡུ་གུར་བ་འཛིན་བཟུང་བྱས་པའི་གྲངས་འབོར་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་བརྒྱ་ཆའི་༢༡་ཟིན་པ་ར་འཕྲོད། ཞིན་ཅང་དུ་གཏུག་བཤེར་གྱི་གྲས་སུ་ཚུད་ཡོད་པའི་མི་མང་མང་ཆེ་བར་ཉེས་འཛུགས་བྱེད་ཀྱི་ཡོད་པ་དང་། རྒྱ་གཞུང་གིས་གཏུག་བཤེར་བྱས་ཡོད་པའི་མི་འབོར་གྱི་བརྒྱ་ཆའི་༩༩་དང་གྲངས་ཆུང་༩་ལ་ཉེས་འདོགས་ཀྱིས་ཁྲིམས་ཆད་གཅོད་ཀྱི་ཡོད་ཅིང་། ཕལ་ཆེར་དོགས་ཡོད་ཚང་མར་ཁྲིམས་ཆད་གཅོད་བཞིན་པར་སྣང་། སྤྱི་ལོ་༢༠༡༧་ལོར་ཞིན་ཅང་ས་ཁུལ་གྱི་ཁྲིམས་སྦྱོར་ཞུ་ཡིག་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་བརྒྱ་ཆའི་བཅུ་གསུམ་ཟིན་པ་དང་། གྲངས་ཀ་འདི་ཞིན་ཅང་ས་ཁུལ་གྱི་མིའི་གྲངས་འབོར་དང་བསྡུར་ན་སྤྱིའི་འགྲོ་ལུགས་ལས་བརྒལ་ཡོད་པ་སྟེ། ཞིན་ཅང་དུ་སྤྱི་ལོ་༢༠༡༣་ནས་༢༠༡༧་བར་དུ་མི་གྲངས་༣༦༢༨༧༢་ལ་ཁྲིམས་ལ་ཐུག་འདུག དེའི་གྲས་ཀྱི་བརྒྱ་ཆའི་༦༠་སྤྱི་ལོི་༢༠༡༧་ལོར་ཁྲིམས་གཏུག་བྱས་པ་རེད།།

XS
SM
MD
LG