ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཞིན་ཅང་གི་མ་བོས་མགྲོན་པོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེང་སྐབས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་པ་ཁྲི་ཚོ་མང་པོ་བཀག་ཉར་བྱས་ནས་བསམ་བློའི་སློབ་གསོ་གཏོང་གི་ཡོད་པ་དང་། ༢༠༡༨་ཀྱི་མགོ་སྟོད་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་པ་དང་སྲིག་གཞུང་གི་འབྲེལ་བ་ཡག་ཏུ་གཏོང་དགོས་ཞེས་ཁྱིམ་ཚང་ཁག་ལ་ལས་བྱེད་པ་གཏོང་བའི་ལས་འགུལ་གསར་པ་ཞིག་འགོ་བཙུགས། རྒྱ་གཞུང་གི་ལས་བྱེད་པ་རྣམས་དུས་ནས་དུས་སུ་ཡུ་གུར་པའི་ཁྱིམ་ཚང་ཁག་ལ་བསྐྱོད་ནས་དུས་ཡུན་བདུན་ཕྲག་གཅིག་ཡས་མས་ཤིག་ལ་གནས་སྡོད་བྱ་དགོས། ཡུ་གུར་པའི་ཁྱིམ་ཚང་ཁག་གིས་མ་འདོད་བཞིན་དུ་གཞུང་གི་ལས་བྱེད་པ་ཚོར་སྣེ་ལེན་ཞུ་དགོས་ཐུག་གི་ཡོད་ཅིང་། ཕྱི་ཟླ་༥་ཚེས་༡༣་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན་རྒྱ་གཞུང་གི་ལས་བྱེད་པ་མགྲོན་པོར་ཕེབས་དུས་ཡུ་གུར་པ་ཚོས་རང་གི་ཆོས་ལུགས་དང་ཆབ་སྲིད་ཀྱི་ལྟ་བ། ཁྱིམ་ཚང་གི་འཚོ་བའི་གནས་སྟངས་རྣམས་ལས་བྱེད་པ་དེར་སྙན་སེང་ཞུ་དགོས་པ་དང་། རྒྱ་གཞུང་གི་ལས་བྱེད་པས་ཁྱིམ་ཚང་དེའི་བཟའ་མི་ཚོར་ཆབ་སྲིད་ཀྱི་ལྟ་བ་ཁྱབ་བསྒྲགས་དང་ཏང་གི་སྲིད་ཇུས་བརྒྱུད་བསྒྲགས། ཞིན་ཅང་རྒྱལ་ཡོངས་ཀྱི་ཡུ་གུར་པའི་ཁྱིམ་ཚང་ཁག་ལ་རྒྱ་གཞུང་གིས་ལས་བྱེད་པ་བཀྲམ་ནས་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་རྒྱ་ནག་གཞུང་གིས་ཁྱིམ་ཚང་ཁག་ལ་ལས་བྱེད་པ་བཏང་ནས་ཡུ་གུར་པ་ཚོར་ལྟ་རྟོག་བྱེད་ཀྱི་ཡོད་པ་འཕྲལ་དུ་མཚམས་འཇོག་བྱ་དགོས། ཞིན་ཅང་གི་ཡུ་གུར་པ་ཚོར་སྒེར་གྱི་འཚོ་བ་དང་ཁྱིམ་ཚང་གི་འཚོ་བ་ཞིག་རོལ་ཆོག་པའི་ཐོབ་ཐང་ཡོད། གྲངས་ཉུང་མི་རིགས་ལ་རང་གི་རིག་གཞུང་སྲུང་སྐྱོབ་བྱེད་ཆོག་པ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་འགན་ལེན་བྱེད་ཡོད་ཅེས་ནན་བརྗོད་བྱས་ཤིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་མཱ་ཡ་ཝང་གིས་ཡུ་གུར་པ་རྣམས་ཉིན་མཚན་གཉིས་ལ་རྒྱ་གཞུང་གི་ལས་བྱེད་པའི་ལྟ་རྟོག་འོག་ནས་ཐར་ཐབས་མེད་པ་དང་། རྒྱ་ནག་གཞུང་གིས་བཏང་བའི་ལས་བྱེད་པ་མགྲོན་པོ་རྣམས་ཁྱིམ་བདག་ལྟ་བུ་ཞིག་ལ་གྱུར་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད། ༢༠༡༤་ལོ་ནས་རྒྱ་ནག་གཞུང་གིས་ལས་བྱེད་པ་འབུམ་༢་ལྷག་ཁ་ཆེའི་ལྷ་ཁང་ཁག་དང་ཁྲོམ་ར། སློབ་གྲྭ་དང་མི་མང་འདུ་འཛོམས་བྱ་ཡུལ་ཁག་ལ་བཀྲམ་ནས་ཞིན་ཅང་གི་ཡུ་གུར་པ་ཚོར་ལྟ་རྟོག་བྱ་རྒྱུ་འགོ་ཚུགས། ད་ལོ་ནས་རྒྱ་ནག་གཞུང་གིས་མི་དམངས་ལ་འཚམས་འདྲི་དང་མི་དམངས་ལ་ཐུག་འཕྲད། མི་དམངས་ལ་ཕན་བདེ་བསྒྲུབ་པ། གཞུང་གི་ལས་བྱེད་པ་དང་གནས་ཚང་ཡུ་གུར་པ་ཚོས་བཟའ་མིའི་འདུ་ཤེས་འཛིན་དགོས། ཁོ་ཚོས་ཕན་ཚུན་བློ་སེམས་གཏོད་དགོས་ཞེས་མིང་འདྲ་མིན་ཞིག་བཏགས་ནས་རྒྱ་གཞུང་གི་ལས་བྱེད་པ་རྣམས་ཡུ་གུར་པའི་ཁྱིམ་ཚང་ཁག་ལ་གཉེན་འབྲེལ་གསར་པ་བསྒྲིག་ཏུ་གཏོང་གི་ཡོད་པ་དང་། ༢༠༡༧་གྱི་ལོ་མཇུག་དེར་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་འགོ་ཁྲིད་ཚོས་ལས་བྱེད་པ་ས་ཡ་གཅིག་ལྷག་ཡུ་གུར་པའི་ཁྱིམ་ཚང་ཁག་ལ་བཏང་ནས་དུས་ཡུན་བདུན་ཕྲག་གཅིག་ལ་གནས་སྡོད་བྱེད་དུ་བཅུག་ཡོད་པ་མ་ཟད། ༢༠༡༨་གྱི་མགོ་སྟོད་ནས་གཞུང་གི་ལས་བྱེད་པ་ཚོ་དུས་ཡུན་ཟླ་བ་གཉིས་ཀྱི་ནང་དུ་ཉུང་མཐའ་ཡང་ཡུ་གུར་པའི་ཁྱིམ་ཚང་ཁག་ཏུ་ཉི་མ་ལྔར་འདུག་དགོས་པའི་ཐག་བཅད། ཞིན་ཅང་གི་ཡུ་གུར་པ་ཚོས་རང་ཁྱིམ་ལ་གཞུང་གི་ལས་བྱེད་པ་གནས་སྡོད་བྱེད་དུ་ཡོང་མི་དགོས་ཞེས་དགག་པ་རྒྱག་ཕོད་ཀྱི་མེད་པས་རྒྱ་ནག་གཞུང་གིས་ལས་བྱེད་པ་མངགས་གཏོང་བྱ་ཡུལ་མང་ཆེ་བ་ཞིན་ཅང་གི་ཡུ་གུར་པའི་ཁྱིམ་ཚང་ཁག་ཡིན་མོད། འོན་ཀྱང་སྐབས་འགར་རྒྱ་གཞུང་གི་ལས་བྱེད་པ་རྣམས་རྒྱ་མི་རིགས་ཀྱི་ཁྱིམ་ཚང་ཁག་ལའང་གཏོང་གི་ཡོད་པ་དང་། དུས་ཡུན་བདུན་ཕྲག་གཅིག་གི་རིང་དེར་རྒྱ་གཞུང་གི་ལས་བྱེད་པའི་ལས་འགན་གཙོ་བོ་ཁྱིམ་ཚང་དེའི་བཟའ་མི་ཚོར་ཐེམ་ཐོ་ཡོད་མེད། ཁྱིམ་ཚང་དེའི་བཟའ་མི་གང་ཞིག་ས་གནས་གཞན་ལ་གནས་སྤོར་ནས་སོང་ཡོད་མེད། ཁྱིམ་ཚང་དེའི་བཟའ་མི་ཚོའི་ཆབ་སྲིད་དང་ཆོས་ལུགས་ཀྱི་ལྟ་བར་ཞིབ་འཇུག་བྱས་ནས་དཀའ་ངལ་འབྱུང་ས་དང་རྒྱུན་ལྡན་མ་ཡིན་པ། ལེགས་བཅོས་བྱ་དགོས་ས་ཞེས་རིགས་ཚན་བཀར་ནས་སྙན་ཐོ་འབུལ་དགོས་པ་དང་། དཀའ་ངལ་འབྱུང་ས་དང་རྒྱུན་ལྡན་མ་ཡིན་པ། ལེགས་བཅོས་བྱ་དགོས་པ་ཟེར་པའི་གོ་དོན་ནི་ཁྱིམ་ཚང་དེར་གཙང་སྦྲ་མེད་པ་དང་ཆང་འཐུང་ར་བཟི་ཡོད་པ། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་ཅན་དང་ཆབ་སྲིད་ཀྱི་ལྟ་བ་མཁྲེགས་པོ་ཡིན་པ་སོགས་ལ་གོ་དགོས། ད་དུང་ལས་བྱེད་པ་ཚོས་རང་གི་གནས་ཚང་ལ་སྲིད་འཛིན་ཞིས་ཅིན་ཕིང་གི་དགོངས་པ་དང་ཏང་གི་སྲིད་ཇུས་དྲིལ་བསྒྲགས། རྒྱ་ནག་དམར་ཤོག་ཚོགས་པར་རང་དོན་སྤུ་ཙམ་མེད་པར་མི་དམངས་ལ་སྲི་ཞུ་སྒྲུབ་ཀྱི་ཡོད་པ་དང་རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ལ་སྲིད་ཇུས་ཡང་དག་པ་ཞིག་བཟུང་ཡོད། ཡུ་གུར་པ་གཅིག་གྱུར་དང་ཧ་ས་ཁ་བ་གཅིག་གྱུར། ཁ་ཆེ་གཅིག་གྱུར་གྱི་ལྟ་གྲུབ་ལ་ཉེན་ཀ་ཆེན་པོ་ཡོད། རྒྱ་ནག་རྒྱལ་ཁབ་ཆེན་པོའི་མི་རིགས་ཡོད་དོ་ཅོག་ཁྱིམ་ཚང་གཅིག་གི་བཟའ་མི་དང་སྤུན་ཟླ་ཡིན་ཞེས་སློབ་གསོ་གཏོང་རྒྱུ། རྒྱ་གཞུང་གི་ལས་བྱེད་པ་ཚོས་ཞིན་ཅང་གི་ཡུ་གུར་པ་ཚོར་མི་སེམས་འགུགས་པའི་ལས་འགུལ་ཞིག་སྤེལ་དགོས་ཟེར་གྱི་ཡོད་རུང་རྒྱ་གཞུང་གི་ལས་འགུལ་དེ་རྣམས་ས་གནས་སུ་སྤེལ་དུས་ཡུ་གུར་མི་རིགས་ལ་གཉའ་གནོན་དང་མཐོང་ཆུང་། རྡུང་རྡེག་དང་མནར་གཅོད། འཛིན་བཟུང་དང་བཙོན་འཇུག མི་རིགས་དབྱེ་འབྱེད་དང་གྲངས་ཉུང་མི་རིགས་ལ་ཐུབ་ཚོད་བྱས་ནས་སྲིད་ཇུས་དེ་རྣམས་ལག་ལེན་བསྟར་གྱི་ཡོད་པ་དང་། ལྷག་པར་དུ་ཞིན་ཅང་གི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་བཅས་པར་རྩ་བརླག་གི་ཉེན་ཀ་འཕྲད་པ། རྒྱ་ཡིག་རྒྱ་སྐད་དང་རྒྱ་ནག་གི་གཞུང་། རྒྱ་ནག་མི་རིགས་ཀྱི་བསམ་བློའི་འདུ་ཤེས་རྣམས་ཡུ་གུར་མི་རིགས་ཀྱི་ཐོག་ཏུ་བཙན་དྲག་གིས་ཁྱབ་སྤེལ་གཏོང་གི་ཡོད་པ་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད་ཅེས་སྙན་ཐོ་དེར་བཀོད་ཡོད་པ་རེད།།

XS
SM
MD
LG