ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧྲང་ཧེ་གྲོང་ཁྱེར་གྱི་གད་པའི་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།།ཞིས་ཅིན་ཕིང་གི་དབང་སྒྱུར་འོག་ཏུ་རྒྱ་ནག་གི་སྤྱི་ཚོགས་སུ་སྲིད་དོན་གྱི་ལྟ་བ་མི་མཐུན་པ་དང་དམངས་གཙོ་དོན་གཉེར་པ། རྒྱ་ནག་གི་ཤེས་ཡོན་ཅན་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ། ཁོར་ཡུག་སྲུང་སྐྱོབ་པ་སོགས་ལ་མི་མང་གི་བདེ་སྡུག་གླེང་བའམ། ཡང་ན་མང་ཚོགས་ཀྱི་ཐོབ་ཐང་ཆེད་དུ་ངོ་རྒོལ་ཁྲོམ་སྐོར་དང་སྲིད་གཞུང་ལ་སྙན་ཞུ་འབུལ་བ། ཕྱི་རྒྱལ་གྱི་གསར་འགོད་པ་སོགས་ལ་རྒྱ་ནག་མི་དམངས་ཀྱི་བདེ་སྡུག་གླེང་ནས་གཞུང་གི་ཉེས་སྐྱོན་རྣམས་ཐེར་འདོན་བྱེད་དུ་འཇུག་གི་མེད་པ་རེད། ཡིན་ནའང་རྒྱ་ནག་གི་བཟོ་བ་དང་སྲི་ཞུའི་ངལ་རྩོལ་བ་སོགས་ཀྱིས་ལས་བཤོལ་ངོ་རྒོལ་དང་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་པ་སྟེ། དཔེར་ན་རྒྱ་ནག་གི་ཚོང་ལས་དང་ནོར་སྲིད། དཔལ་འབྱོར་གྱི་ལྟེ་གནས་ཧྲང་ཧེ་གྲོང་ཁྱེར་གྱི་ཁྲང་ནིང་ས་ཁུལ་དུ་ཁོར་ཡུག་གཙང་སྤྲའི་བཟོ་ཚོང་ལས་ཁུངས་འགའ་ཞིག་གིས་གད་པའི་གླ་ཕོགས་བཅགས་པ་དང་ལས་ཀའི་ཆུ་ཚོད་ཉུང་འཕྲི། གད་པའི་གྲངས་འབོར་ཉུང་དུ་བཏང་བའི་སྟབས་ཀྱིས་ས་ཁུལ་དེའི་གད་པ་བརྒྱ་སྐོར་ཞིག་གིས་ཉི་མ་༤་ལ་ལས་བཤོལ་ངོ་རྒོལ་བྱས་པ་རེད་ཅེས་ཁྲང་ནིང་ས་ཁུལ་གྱི་གཞུང་འབྲེལ་མི་སྣ་ཚོས་སྐད་འཕྲིན་ནང་དུ་ཁྱབ་བསྒྲགས་བྱས་པ་དང་། ཁྲང་ནིང་ས་ཁུལ་གྱི་གད་པ་ཚོས་ལས་བཤོལ་ངོ་རྒོལ་བྱས་པའི་འདྲ་པར་དང་བརྙན་འཕྲིན་རྣམས་རྒྱ་ནག་གི་དྲ་ལམ་ཁག་ཏུ་ཁྱབ་བསྒྲགས་ཆེན་པོ་སོང་བས་མི་མང་གིས་ཀྱང་དེ་ལ་མཆན་འགོད་བྱས་ཀྱང་ཁ་སང་གཟའ་ཟླ་བ་ནས་རྒྱ་ནག་གི་དྲ་ལམ་ཞིབ་བཤེར་པ་ཚོས་ཁྲང་ནིང་ས་ཁུལ་གྱི་གད་པས་ལས་བཤོལ་ངོ་རྒོལ་བྱས་པའི་འདྲ་པར་དང་བརྙན་འཕྲིན། མི་མང་གིས་མཆན་འགོད་བྱས་པ་རྣམས་ནག་སུབ་བྱས་པའི་གནས་ཚུལ་ཐོན་འདུག ཁྲང་ནིང་ས་ཁུལ་གྱི་གཞུང་འབྲེལ་མི་སྣ་ཚོས་ཁོར་ཡུག་གཙང་སྦྲའི་བཟོ་ཚོང་ལས་ཁུངས་ཁག་དང་གད་པའི་རྩོད་གཞིར་བར་འདུམ་བྱས་ནས་ཐག་གཅོད་དྲང་སྙོམས་ཤིག་ཡོང་ཐབས་བྱེད་ཀྱི་ཡོད་ཅིང་། ས་གནས་དེའི་གཞུང་འབྲེལ་མི་སྣ་ཚོས་གོ་ཅེ་ཁོར་ཡུག་གཙང་སྦྲའི་བཟོ་ཚོང་ལས་ཁུངས་དང་དེ་མིན་གྱི་གཙང་སྦྲའི་བཟོ་ཚོང་ལས་ཁུངས་ཁག་གིས་གད་པ་ཚོར་གྲོས་སྡུར་ཡག་པོ་བྱ་དགོས། གད་པ་ཚོར་གླ་ཕོགས་འོས་ཤིང་འཚམས་པ་ཞིག་སྤྲོད་དགོས་ཞེས་ནན་བརྗོད་བྱས་ཀྱང་གོ་ཅེ་ཁོར་ཡུག་གཙང་སྦྲའི་བཟོ་ཚོང་ཁང་གིས་གད་པ་ཚོར་གླ་ཕོགས་འོས་འཚམས་ཤིག་སྤྲོད་རྒྱུའི་མོས་མཐུན་བྱས་ཡོད་མེད་ངེས་གཏན་མེད། རྒྱ་ནག་གི་བཅིངས་འགྲོལ་ཉིན་རེའི་ཚགས་པར་ལ་གནས་ཚུལ་བཀོད་པ་ལྟར་ན་༢༠༡༥་ནས་ཧྲང་ཧེ་གྲོང་ཁྱེར་གཅིག་པུར་གཙང་སྦྲའི་བཟོ་ཚོང་ལས་ཁང་༡༤༢་ཡོད་པ་མ་ཟད། སྲང་ལམ་གཙང་སྦྲའི་བཟོ་ཚོང་ལས་ཁང་ཁག་ལ་གད་པ་ཁྲི་ཚོ་༥་དང་སྟོང་ཕྲག་༣་ལྷག་ཡོད་པ་དེ་དག་ལ་ཟླ་བ་རེར་གླ་ཕོགས་མི་དམངས་ཤོག་སྒོར་སྟོང་ཕྲག་༤་རེ་སྤྲོད་ཀྱི་ཡོད་པ་དང་། ཧྲང་ཧེ་གྲོང་ཁྱེར་གྱི་གད་པ་དེ་རྣམས་རྒྱ་ནག་གི་གྲོང་གསེབ་ཁག་ནས་ཡོང་བའི་ལས་མི་ཡིན་པས་གྲོང་ཁྱེར་གྱི་ཐེམ་ཐོ་མེད་པར་ཐོབ་ཐང་འདྲ་མཉམ་ཞིག་འཐོབ་དཀའ། པེ་ཅིང་དུ་གནས་སྡོད་རྒྱ་ནག་གི་ངལ་རྩོལ་བའི་ཐོབ་ཐང་ཞིབ་འཇུག་པ་ཝང་ཅང་སུང་གིས་རྒྱ་ནག་གི་སྲང་ལམ་གཙང་སྦྲའི་བཟོ་ཚོང་ལས་ཁུངས་ཁག་གིས་གད་པའི་གླ་ཕོགས་བཅགས་པ་དང་ལས་ཀའི་དུས་ཚོད་ཉུང་དུ་བཏང་ན་ངོ་རྒོལ་འབྱུང་རྒྱུ་ཆོས་ཉིད་ཡིན། འདི་ནི་ངལ་རྩོལ་བ་ཚོས་མ་བསྐུལ་དང་བླངས་ཀྱིས་སྤེལ་བའི་ངོ་རྒོལ་ལས་འགུལ་ཞིག་དང་། ད་ལྟའི་དུས་སྐབས་འདིར་རྒྱ་ནག་གི་ཚོགས་པ་དང་སྒྲིག་འཛུགས་ཁག་གིས་གད་པའི་བདེ་སྡུག་གླེང་སློང་བྱེད་ཐུབ་ཀྱི་མེད་པར་བརྟེན། ཁོ་ཚོས་རང་གི་འཚོ་བའི་དོན་དུ་ལས་བཤོལ་ངོ་རྒོལ་མ་བྱས་ཀ་མེད་ཡིན་པ་དང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་མི་མང་དབུལ་ཕྱུག་གི་ཁྱད་པར་ཇེ་ཆེར་འགྲོ་རེ་བཞིན་པའི་སྐབས་འདིར་རྩོད་རྙོག་འདིའི་རིགས་འབྱུང་རྒྱུ་ཇེ་མང་དུ་འགྲོ་སྲིད་ཅེས་བཤད་འདུག རྒྱ་ནག་གི་གཞུང་འབྲེལ་མ་ཡིན་པའི་ངལ་རྩོལ་དུས་དེབ་སྟེང་བཀོད་པ་ལྟར་ན། ༢༠༡༡་ནས་ངལ་རྩོལ་བ་ཚོས་རང་གི་གླ་ཕོགས་དང་ལས་གྲྭའི་བདེ་འཇགས། རྒས་ཕོགས་དང་སྨན་ཡོན་སོགས་ཀྱི་ཐོབ་ཐང་བརྩད་ནས་ངོ་རྒོལ་བྱ་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད། ༢༠༡༨་ཀྱི་མགོ་སྟོད་ཟླ་བ་༣་གྱི་རིང་ལ་ངལ་རྩོལ་བའི་ལས་བཤོལ་ངོ་རྒོལ་ཐེངས་༤༤༠་བྱུང་བ་ནི་༢༠༡༧་གྱི་མགོ་སྟོད་ཟླ་བ་༣་གྱི་རིང་ལ་ལས་བཤོལ་ངོ་རྒོལ་བྱུང་བ་དེར་འཕར་སྣོན་བརྒྱ་ཆ་༩༠་སོང་བ་དང་། ལས་བདག་ཚོས་ངལ་རྩོལ་བ་ཚོར་རྒས་ཕོགས་དང་སྤྱི་ཚོགས་འགན་སྲུང་གི་ཁེ་ཕན་མི་སྤྲོད་པར་གླ་ཕོགས་བཅགས་པ་དང་ལས་ཀའི་ཆུ་ཚོད་ཉུང་དུ་གཏོང་བ། ཁོ་ཚོར་ལྟ་སྐྱོང་དྲང་སྙོམས་ཤིག་བྱེད་ཀྱི་མེད་པ་རྣམས་ལས་བཤོལ་ངོ་རྒོལ་གྱི་འབྱུང་རྩ་ཡིན། ཟླ་བ་སྔོན་མར་རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་གྱི་བཟོ་གྲྭ་ཞིག་ཏུ་བཟོ་བ་ཚོས་ཉི་མ་༨་ལ་ལས་བཤོལ་ངོ་རྒོལ་བྱས་པ་དེ་ལ་བལྟས་ཚེ། རྒྱ་ནག་གི་གྲོང་ཁྱེར་ཁག་གི་ངལ་རྩོལ་བ་ཚོས་རང་གི་ཐོབ་ཐང་བརྩད་ནས་ལས་བདག་ལ་ཁ་གཏད་གཅོག་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག་ཅེས་ཕྱོགས་བསྡོམས་སྙན་ཐོ་བཀོད་ཡོད་པ་རེད།།

XS
SM
MD
LG