ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

དམངས་གཙོ་དོན་གཉེར་པ་གསུམ་གྱི་ཁྲིམས་ཆད་འཕྲུ་ལོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཧོང་ཀོང་གི་དམངས་གཙོ་དོན་གཉེར་པ་ཇཱོ་ཤི་ཝ་ཝང་དང་ནེ་ཐན་ལོ། ཨ་ལིཀ་སི་ཆའོ་གསུམ་གྱིས་༢༠༡༤་ལོར་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་སྣེ་ཁྲིད་པ་དང་སྐབས་དེའི་ལས་འགུལ་ལ་ཧོང་ཀོང་གི་སློབ་ཕྲུག་སྟོང་ཕྲག་མང་པོ་མཉམ་ཞུགས་ཏེ་ཉི་མ་༧༩་ཙམ་ལ་ཧོང་ཀོང་གི་ཚོང་དོན་ལྟེ་གནས་བཀག་ནས་མངའ་ཁུལ་དེར་དམངས་གཙོའི་སྒྱུར་བཅོས་གཏོང་དགོས། ཧོང་ཀོང་གི་སྲིད་སྐྱོང་མངའ་ཁུལ་དེའི་མི་དམངས་ལ་ཐད་ཀར་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཁས་ལེན་བྱས་པ་ལག་ལེན་ཚུལ་བཞིན་བསྟར་དགོས་ཞེས་ལས་འགུལ་སྤེལ་ཞིང་། ན་ནིང་ཕྱི་ཟླ་༨་པར་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་ཇཱོ་ཤི་ཝ་ཝང་དང་ནེ་ཐན་ལོ། ཨ་ལི་སི་ཆའོ་གསུམ་ལ་དུས་ཡུན་ཟླ་བ་༦་ནས་ཟླ་བ་༨་ཡས་མས་རེའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཀྱང་བཙོན་འཇུག་གི་ཁྲིམས་ཐག་ལ་དོ་བདག་ཚོས་ངོས་ལེན་མ་བྱས་པར་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག དེ་རིང་ཕྱི་ཟླ་༢་ཚེས་༦་ཉིན་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་གིས་དམངས་གཙོའི་ལས་འགུལ་གྱི་འགོ་ཁྲིད་གསུམ་ལ་དམའ་རིམ་ཁྲིམས་ཁང་གིས་བཙོན་འཇུག་ཁྲིམས་ཐག་བཅད་པ་འཕྲུ་སློག་བཏང་སྟེ། ཇཱོ་ཤི་ཝ་ཝང་དང་ནེ་ཐན་ལོ། ཨ་ལིཀ་སི་ཆའོ་གསུམ་ལ་རང་དབང་ཐོབ་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་པ་ཚོས་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་ལ་དགའ་བསུ་ཞུས་མོད། འོན་ཀྱང་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་གིས་མ་འོངས་པར་ཁྲིམས་འགལ་གྱི་འདུ་འཛོམས་བྱས་པ་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཁག་ལ་གཏོར་བརླག་བྱས་ནས་དྲག་ཟིང་ཅུང་ཟད་ཅིག་བསླངས་ཀྱང་ཁྲིམས་གཅོད་དྲག་པོ་བྱ་དགོས་ཞེས་ཉེན་བརྡ་བཏང་ཡོད་ཅིང་། དེར་བརྟེན་ཇཱོ་ཤི་ཝ་ཝང་གིས་ཁྲིམས་ཁང་གི་ཕྱི་ལོགས་སུ་རང་གི་རྒྱབ་སྐྱོར་པ་ཚོར་ད་ལྟ་ང་ཚོས་དགའ་སྟོན་བྱེད་པའི་དུས་ཚོད་མིན། མ་འོངས་པར་ཧོང་ཀོང་གི་ལས་འགུལ་བ་མང་པོ་ཞིག་བཙོན་འཇུག་བྱས་ནས་ཁྲིམས་གཅོད་དྲག་པོ་འཕོག་སྲིད་པའི་ཉེན་ཀ་ཡོད། དེ་རིང་གི་ཐག་གཅོད་འདིར་ངས་བློ་ཕམ་གྱི་སྒོ་ནས་དང་ལེན་བྱ་དགོས་བྱུང་སོང་། ང་ཚོས་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱས་པར་གྲུབ་འབྲས་ཐོན་རུང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་ཕམ་ཉེས་བྱུང་ཡོད་ཅེས་བཤད་འདུག ཇཱོ་ཤི་ཝ་ཝང་ལོ་ན་༢༡་དང་ནེ་ཐན་ལོ་རང་ལོ་༢༤་ལ་སོན་ཡོད། ཨ་ལིཀ་སི་ཆའོ་ལོ་༢༧་ཡིན་པ་དང་༢༠༡༦་གི་ཕྱི་ཟླ་༧་ནང་ཧོང་ཀོང་གཞུང་གིས་དམངས་གཙོའི་ལས་འགུལ་གྱི་སྣེ་ཁྲིད་པ་གསུམ་ལ་དྲག་ཟིང་སྐུལ་སློང་བའི་ནག་ཉེས་བཙུགས་ནས་ཁྲིམས་ལ་སྦྱར། ཡིན་ནའང་ཁྲིམས་ཁང་གིས་ཇཱོ་ཤི་ཝ་ཝང་དང་རོགས་པ་གཉིས་ཀྱིས་ངལ་རྩོལ་བརྒྱུགས་ནས་སྤྱི་ཚོགས་ཞབས་ཞུ་བསྒྲུབ་དགོས། ཁོ་ཚོར་བཙོན་འཇུག་གི་ཁྲིམས་ཐག་གཅོད་མི་དགོས་ཞེས་ཐག་གཅོད་བྱས་ཀྱང་ཕྱིས་སུ་ཁྲིམས་ཁང་གིས་ཧོང་ཀོང་གཞུང་ལ་གྱོད་གཞི་དེར་བསྐྱར་ཞིབ་བྱ་ཆོག་པའི་བཀའ་འཁྲོལ་སྤྲད་ནས་ཇཱོ་ཤི་ཝ་ཝང་དང་རོགས་པ་གཉིས་ལ་བཙོན་འཇུག་གི་ཉེས་ཆད་གཅོད་ཆོག་པའི་ཐག་གཅོད་བྱས་ཡོད། ན་ནིང་ཕྱི་ཟླ་༨་པར་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་ཇཱོ་ཤི་ཝ་ཝང་དང་རོགས་པ་གཉིས་ལ་དུས་ཡུན་ཟླ་བ་༦་ནས་ཟླ་བ་༨་ཡས་མས་རེའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། རྒྱལ་སྤྱིའི་ཐོག་ཏུ་ཧོང་ཀོང་གི་ཐག་གཅོད་དེར་ཁ་རྡུང་དྲག་པོ་བཏང་སྟེ་ཨ་རིའི་གྲོས་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཇཱོ་ཤི་ཝ་ཝང་དང་ནེ་ཐན་ལོ། ཨ་ལིཀ་སི་ཆའོ་གསུམ་ལ་༢༠༡༨་ལོའི་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲོད་དགོས་ཞེས་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ། དེ་རིང་གཟའ་མིག་དམར་ཉིན་ཧོང་ཀོང་གི་ཁྲིམས་ཁང་དེར་འཛམ་གླིང་ཡུལ་གྲུ་ཁག་གི་གསར་འགོད་པ་༡༠༠་ལྷག་འཛོམས་པ་དང་༡༩༩༧་ལོར་ཧོང་ཀོང་གི་བདག་དབང་རྒྱ་ནག་གིས་རྩིས་ལེན་བྱས་ནས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་མངའ་ཁུལ་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ། ཧོང་ཀོང་ལ་ལོ་༥༠་རིང་དུ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུ་དང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཕྱི་སྲིད་དང་སྲུང་སྐྱོབ་འབའ་ཞིག་ལ་འགན་ཁུར་ལེན་རྒྱུ། དབྱིན་ཇིའི་དབང་སྒྱུར་འོག་ཏུ་ཧོང་ཀོང་ལ་རང་གི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་དང་ཁྲིམས་འཛིན། དཔལ་འབྱོར་དང་ཤེས་ཡོན་སློབ་གསོའི་ལམ་ལུགས་ཤིག་དར་ཡོད་པ་རྒྱུན་འཁྱོངས་བྱ་ཆོག ༢༠༡༧་ནས་ཧོང་ཀོང་མི་དམངས་ལ་དམངས་གཙོའི་ལམ་ནས་མངའ་ཁུལ་དེའི་སྲིད་སྐྱོང་འོས་འདེམས་བྱེད་དུ་འཇུག་ཆོག་ཅེས་ཁས་ལེན་བྱས་ཀྱང་རྒྱ་ནག་གཞུང་གིས་ལོ་རེ་བཞིན་རང་གི་ཁས་ལེན་དམ་བཅའ་རྣམས་བརྩི་མེད་གཏོང་རྒྱུ་ཇེ་སྡུག་ཏུ་སོང་སྟེ། ད་ལྟ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ནང་སྲིད་དང་ཁྲིམས་འཛིན་ལམ་ལུགས། ཤེས་ཡོན་སློབ་གསོ་དང་ཧོང་ཀོང་གི་སྤྱི་ཚོགས་ལམ་ལུགས་རྣམས་རྒྱ་ནག་སྐམ་ས་ཆེན་མོའི་ལམ་ལུགས་ལ་སྒྱུར་གྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་དམ་དྲག་བྱ་རྒྱུ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད།།

XS
SM
MD
LG