ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་ཞིག་ལ་ཁྲིམས་གཅོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་མིག་དམར་ཉིན་རྒྱ་ནག་གི་ཧུའུ་ནན་ཞིང་ཆེན་གྱི་ཆུའུ་ཡན་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་ཟུར་པ་དང་། ད་ལྟ་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་ཏུ་ཕྱག་ལས་གནང་བཞིན་པའི་ཐེ་ཝན་པ་ལི་མིང་ཌེར་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཅིང་། ཁོང་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་ཡུལ་མི་བང་ཡཱུལ་ཧྭ་ལ་ལོ་བདུན་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གསལ་བསྒྲགས་བྱས་འདུག འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ལི་མིང་ཌེ་དང་ཁོང་གི་ཕྱག་རོགས་བང་ཡཱུལ་ཧྭ་གཉིས་ལ་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྩིས་བྱས་པའི་ནག་ཉེས་བཙུགས་པ་ནི་ཐེ་ཝན་གྱི་ཡུལ་མི་ཞིག་ལ་རྒྱ་ནག་གི་སྲིད་དབང་མགོ་རྟིང་སློག་རྩིས་ཀྱི་ཉེས་འཛུགས་འོག་ཏུ་ཁྲིམས་ཐག་བཅད་པ་ཐེངས་དང་པོར་གྱུར་ཡོད། དེ་རིང་གཟའ་མིག་དམར་ཉིན་མོར་ཆུའུ་ཡན་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྐུ་ཞབས་ལི་མིང་ཌེ་ལ་ཁྲིམས་ཆད་གསལ་བསྒྲགས་བྱས་པའི་སྐབས་ཀྱི་བརྙན་པར་ཞིག་ཐོན་ཡོད་པ་དེའི་ནང་ཁྲིམས་དཔོན་གྱིས་སྐུ་ཞབས་ལི་མིང་ཌེས་རྒྱ་ནག་ནང་དུ་རྩོམ་ཡིག་དང་དཔེ་དེབ། བརྙན་པར་སོགས་བཀྲམ་སྟེ་ནུབ་ཕྱོགས་ཀྱི་ལྟ་བ་ལྡན་པའི་གསར་བརྗེ་ཁྱབ་སྤེལ་བྱེད་རྩིས་བྱས་ཡོད་ཅེས་ནག་ཉེས་བསྒྲགས།། ད་རེས་རྒྱ་ནག་གཞུང་གིས་ཐེ་ཝན་པ་ལི་མིང་ཌེ་ལ་ཁྲིམས་ཐག་བཅད་པ་ནི་ཐེ་ཝན་ལ་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་སྲིད་དབང་བཟུང་ནས་བཟུང་སྟེ་རྒྱ་ནག་གིས་ཐེ་ཝན་གཞུང་ལ་མི་དགའ་བའི་ཁ་དམག་རྒྱག་བཞིན་པ་དེའེ་ཁོངས་ཀྱི་གནས་ཚུལ་གསར་ཤོས་ཤིག་ཡིན་པ་མི་མང་པོར་མཐོང་ཚུལ་ཡོང་གི་ཡོད་ཅིང་། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་དེ་སྔའི་ཐེ་ཝན་གྱི་སྲིད་གཞུང་གིས་ངོས་ལེན་བྱས་པའི་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ཁས་ལེན་གནང་གི་མེད་པས་རྒྱ་ནག་གཞུང་གིས་ཁོང་ཁྲོ་བྱེད་བཞིན་པ་མ་ཟད། ལྕམ་ཚེ་དབྱིན་ཝེན་གྱིས་དབུ་ཁྲིད་པའི་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པ་ནི་ཐེ་ཝན་རང་བཙན་འདོད་མཁན་གྱི་སྲིད་དོན་ཚོགས་པ་ཞིག་ཡིན་སྟབས་རྒྱ་ནག་གིས་སྔ་ཕྱི་བར་གསུམ་དུ་གལ་སྲིད་ཐེ་ཝན་གྱིས་རང་བཙན་ལས་འགུལ་དང་རྒྱ་ནག་དང་ཁ་འབྲལ་ཐབས་ཀྱི་ལས་འགུལ་སྤེལ་ན་ཐེ་ཝན་ལ་དམག་རྒྱག་རྒྱུའི་སྡིག་སྐུལ་བྱེད་ཀྱི་ཡོད་པ་རེད།། དེ་རིང་རྒྱ་ནག་གཞུང་གིས་ལོ་ལྔར་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་ཐེ་ཝན་གྱི་ཡུལ་མི་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སྐུ་ཞབས་ལི་མིང་ཌེ་ནི་ད་ལོའི་ཕྱི་ཟླ་༣་ནང་མེ་ཁོ་ནས་རྒྱ་ནག་ལ་ཕེབས་པའི་སྐབས་སུ་གར་སོང་ཆ་མེད་དུ་གྱུར་པ་དང་། ཕྱི་ཟླ་༩་པའི་ནང་དུ་ཆུའུ་ཡང་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ལི་མིང་ཌེས་རང་ལ་ནག་ཉེས་ཡོད་པ་ངོས་ལེན་བྱས་སོང་ཞེས་བརྙན་པར་ཞིག་ཐེ་ཝན་ལ་ཁྱབ་གདལ་ཆེ་བའི་སྤྱི་ཚོགས་དྲ་རྒྱ་ངོ་དེབ་ཐོག་ཏུ་བཏོན། བརྙན་པར་དེའི་ནང་སྐུ་ཞབས་ལི་མིང་ཌེ་ཡི་ནག་ཉེས་གཅིག་ནི་རང་དང་རྒྱ་ནག་གི་ཡུལ་མི་བང་ཡཱུལ་ཧྭས་སྤྱི་ཚོགས་དྲ་རྒྱ་ངོ་དེབ་ཐོག་ཏུ་རྒྱ་ནག་གི་ནང་དུ་སྲིད་གཞུང་ལ་ངོ་ལོག་གི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུའི་སྐུལ་སློང་བྱས་ཡོད་ལུགས་བརྗོད་ཡོད་པས། སྐབས་དེར་ཐེ་ཝན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་རྒྱ་ནག་ཏུ་ལས་ཀ་བྱེད་བཞིན་པའི་ཐེ་ཝན་གྱི་ཡུལ་མི་ཚོར་ངོ་དེབ་ཐོག་ཏུ་གནས་ཚུལ་འགོད་རྒྱུར་ཞེད་སྣང་སྐྱེས། སྤྱིར་རྒྱ་ནག་ཏུ་ངོ་དེབ་བེད་སྤྱོད་ཆོག་གི་མེད་ཀྱང་ཐེ་ཝན་ལ་ངོ་དེབ་དར་ཁྱབ་ཆེ་བས་རྒྱ་ནག་གཞུང་གིས་ངོ་དེབ་ཐོག་ཏུ་རྒྱ་ནག་ལ་གནོད་པའི་གནས་ཚུལ་སྤེལ་གྱིན་ཡོད་པར་དོ་སྣང་བྱེད་བཞིན་པས། མ་འོངས་པར་ཐེ་ཝན་གྱི་ཡུལ་མིའི་ངོ་དེབ་ལའང་རྒྱ་ནག་གཞུང་གིས་རྟོག་ཞིབ་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་གནས་ཚུལ་སྤེལ་མཁན་ཚོ་རྒྱ་ནག་ལ་ཡོང་རྒྱུ་དེར་དཀའ་ངལ་འཕྲད་སྲིད་པའི་བློ་འཚབ་ཀྱིས་ངོ་དེབ་ཐོག་ཏུ་གནས་ཚུལ་འགོད་རྒྱུར་གཟབ་ནན་བྱ་དགོས་པ་ཞིག་ཆགས་འདུག ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་མཉམ་འབྲེལ་ཚོགས་པའི་འགན་འཛིན་ཡེ་བྷི་ཧྭང་གི་ངོ་དེབ་ནི་ཐེ་ཝན་གྱི་མི་མང་དང་ལྷག་དོན་དུ་ཐེ་ཝན་གྱི་གཞོན་སྐྱེས་ཚོས་ཆབ་སྲིད་ཀྱི་གནད་དོན་སོགས་གནས་ཚུལ་རྒྱ་ཆེའི་ཐོག་ཏུ་གླེང་སློང་བྱ་ས་གཙོ་བོ་ཞིག་ཡིན་པས། རྒྱ་ནག་གཞུང་གིས་སྐུ་ཞབས་ལི་མིང་ཌེ་ལ་ངོ་དེབ་ཐོག་ཏུ་རྒྱ་ནག་ལ་ངོ་ལོག་ཟིང་འཁྲུག་སློང་རྩིས་བྱས་པའི་ཉེས་འཛུགས་བྱས་ཏེ། ཁོང་དང་འབྲེལ་ཡོད་ཚོགས་པ་དང་སྒེར་སོགས་ཀྱིས་ངོ་དེབ་ཐོག་ཏུ་གནས་ཚུལ་འགོད་རྒྱུར་གཟབ་ནན་བྱ་དགོས་ཆགས་པ་བློ་ཕམ་གྱི་གནས་ཚུལ་ཞིག་དང་། ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་ལ་གནོད་གཞི་ཞིག་རེད་ཅེས་གསུངས་ཡོད་པ་རེད། འོན་ཀྱང་ཐེ་ཝན་དུ་རྒྱ་ནག་ལ་དམངས་གཙོ་ཡོང་ཐབས་སུ་ལས་འགུལ་སྤེལ་མཁན་མང་པོ་ཞིག་དང་སྐུ་ཞབས་ལི་མིང་ཌེའི་ནང་མི། ཁོང་གི་དགའ་ཉེ་ཚོས་ཕྱི་ཟླ་༩་པའི་ནང་དུ་རྒྱ་ནག་གི་ཆུའུ་ཡང་ཁྲིམས་ཁང་གིས་ངོ་དེབ་ཐོག་ཏུ་སྐུ་ཞབས་ལི་མིང་ཌེས་ནག་ཉེས་ངོས་ལེན་བྱས་སོང་ཞེས་བརྙན་པར་བཏོན་པ་དོ་བདག་ལ་བཙན་དབང་གིས་ངོས་ལེན་བྱེད་དུ་བཅུག་པ་ཞིག་ལ་ངོས་འཛིན་དང་། སྐུ་ཞབས་ལི་མིང་ཌེས་རྒྱ་ནག་ལ་དམངས་གཙོའི་ལམ་ལུགས་དང་སྤྱི་ཚོགས་ཡར་རྒྱས་འགྲོ་རྒྱུའི་ཆེད་དུ་ལས་འགུལ་སྤེལ་པ་ནག་ཉེས་གང་ཡང་མིན་པའི་ངོས་འཛིན་བྱེད་བཞིན་འདུག དེ་རིང་རྒྱ་ནག་གི་ཁྲིམས་ཁང་གིས་སྐུ་ཞབས་ལི་ཌེ་ལ་ཁྲིམས་ཐག་བཅད་པའི་གསལ་བསྒྲགས་བྱས་པའི་སྐབས་སུ་ཁྲིམས་ཁང་དུ་ཟུར་ཉན་པའི་གྲས་སུ་ཡོད་པའི་བཟའ་ཟླ་ལི་ཅིང་ཡུད་ཀྱིས་རང་གི་ཁྱོ་གར་ཁྲིམས་ཞིབ་དང་ཁྲིམས་གཅོད་དྲང་སྙོམས་ཤིག་བྱས་མེད་པས་དེ་ལ་ཁས་ལེན་ཐབས་མེད་པ་དང་ནག་ཉེས་ངོས་ལེན་བྱས་པ་རེད་ཟེར་པ་རྒྱ་ནག་གཞུང་གིས་བཙན་དབང་བྱས་པ་ཞིག་རེད་ཅེས་གསུངས་ཡོད། ལི་མིང་ཌིའི་བཟའ་ཟླས་རྒྱ་ནག་ལ་་དམངས་གཙོའི་ལམ་ལུགས་དང་སྤྱི་ཚོགས་ཡར་རྒྱས་ཆེད་དུ་འབད་བརྩོན་བྱས་པར་བློ་འགྱོད་མེད་ཅེས་གསུངས་འདུག སྐུ་ཞབས་ལི་མིང་ཌེ་ཡི་སྐུ་ཟླ་དང་མཉམ་དུ་རྒྱ་ནག་ལ་ཕེབས་ཐབས་བྱེད་མཁན་ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་ཝང་ལིད་ཕིང་ཡོད་ཀྱང་གནམ་ཐང་དུ་རྒྱ་ནག་གཞུང་གིས་བཀག་སྟེ་གཟའ་མིག་དམར་ཉིན་ཐེ་ཝན་ལ་ཕྱིར་ལོག་བྱ་དགོས་བྱུང་ཡོད། ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གིས་རྒྱ་ནག་གཞུང་གི་བྱེད་སྟངས་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།།

XS
SM
MD
LG