ངོ་འཕྲད་བདེ་བའི་དྲ་འབྲེལ།


དེ་རིང་སྤྱི་ཚེས་༢༨་ཉིན་རྒྱ་ནག་ཞིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན་རྒྱ་ནག་གི་དབུས་དམག་དོན་ལྷན་ཁང་གི་ཆབ་སྲིད་སྡེ་ཚན་གྱི་འགན་འཛིན་ཟུར་བ་ཀྲང་དབྱང་ཟླ་བ་འདིའི་སྤྱི་ཚེས་༢༣་གྱི་སྔ་དྲོར་རང་ཁྱིམ་དུ་རང་སྲོག་བཅད་འདུག་པ་དང་། རྒྱ་ནག་གི་དབུས་དམག་དོན་ལྷན་ཚོགས་ཀྱི་ཚོགས་མི་དང་དམར་ཕྱོགས་ཚོགས་པའི་དབུས་དམག་དོན་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་བཅས་ཡིན་པ་ཀྲང་དབྱང་གི་སྐོར་ལ་ད་ལྟའི་བར་དུ་རྒྱུས་ལོན་དང་ཞིབ་འཇུག་བྱས་མཐར། རྒྱ་གཞུང་གིས་ཀྲང་དབྱང་དེ་སྔོན་ཁྲིམས་འགལ་གྱི་ནག་ཉེས་ཕོག་པའི་དབུས་དམག་དོན་ལྷན་ཁང་གི་འགོ་ཁྲིད་ཀོ་པོ་ཞུང་དང་ཞུས་ཚེ་ཧིག་སོགས་ཀྱི་གྱོད་དོན་ལ་འབྲེལ་བ་ཡོད་ཅིང་། ཁོ་པས་ད་ལྟའི་བར་དུ་ཁྲིམས་འགལ་དང་སྒྲིག་འགལ་གྱི་ལས་ཀ་མང་པོ་བྱས་འདུག་པ་མ་ཟད། ཀྲང་དབྱང་ལ་འབྱུང་ཁུངས་ངེས་གསལ་མེད་པའི་རྒྱུ་ནོར་མང་པོ་ལྐོག་ཟ་བྱ་རྒྱུ་བྱུང་ཡོད་པའི་ནག་ཉེས་འདུག་ཅེས་རྒྱ་ནག་གི་དབུས་དམར་ཕྱོགས་ཚོགས་པ་དང་དབུས་དམག་དོན་ལྷན་ཁང་གིས་ཐག་གཅོད་བྱུང་ཡོད། རྒྱ་ནག་གི་དབུས་སྒྲིག་འཛུགས་ཞིབ་བཤེར་ལྷན་ཁང་གིས་རྒྱུས་ལོན་བྱེད་བཞིན་པའི་རིང་དུ་ཀྲང་དབྱང་རང་ཁྱིམ་དུ་བསྡད་ཡོད་པ་དང་སྐབས་དེར་ཁོ་པས་རང་སྲོག་བཅད་པ་རེད་ཅེས་བརྗོད་འདུག ཟླ་བ་གསུམ་གྱི་གོང་དུ་རྒྱ་ནག་གི་དམག་སྡེའི་ནང་དུ་ལྐོག་ཟ་རུལ་སུངས་ཐེར་འདོན་གྱི་ལས་འགུལ་ཞིག་སྤེལ་བཞིན་པའི་སྐབས་ནས་བཟུང་སྟེ་ཀྲང་དབྱང་དང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྤྱི་ཆེན་མོ་ཧྥང་ཧྥིན་ཧོས་གཉིས་རྒྱུན་རིང་པོར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མཐོང་ཐོས་མེད་པར་གྱུར་ཡོད། ད་ལོའི་སྤྱི་ཟླ་༨་པའི་ཚེས་༧་གྱི་ཉིན་མོར་ཀྲང་དབྱང་དབུས་གཞུང་དམག་དོན་ལྷན་ཁང་གི་འགོ་ཁྲིད་ཀྱི་མཚན་ཐོག་ཏུ་ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་ལོ་༧༠་འཁོར་པའི་དགའ་སྟོན་གྱི་མཛད་སྒོར་མཉམ་ཞུགས་བྱས་པའི་རྗེས་སུ་གྲག་མེད་དུ་གྱུར་ཅིང། དེ་རིང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དུ་ཀྲང་དབྱང་གིས་རང་སྲོག་བཅད་པའི་གནས་ཚུལ་སྤེལ་པའི་ཞོར་དུ་ཀྲང་དབྱང་དང་མཉམ་དུ་མཐོང་ཐོས་མེད་པར་གྱུར་པའི་རྒྱ་ནག་གི་དམག་གི་འགོ་ཁྲིད་ཀྲང་ཧྥུན་ཧོས་ཡང་ཞོར་དུ་གླེང་བཞིན་མཆིས། སྤྱི་ལོ་༢༠༡༠་ལོའི་ཟླ་བ་༧་པའི་ནང་དུ་ཀྲང་དབྱང་དང་ཀྲང་ཧྥིན་ཧོས་སོགས་མི་༡༡་ལ་རྒྱ་ནག་གི་དམག་སྤྱི་ཆེན་མོའི་གོ་གནས་སྤྲད། ཁོ་པ་གཉིས་ནི་འབྲེལ་འདྲིས་ཟབ་པའི་རྒྱུན་རིང་གི་གྲོགས་པོ་ཡང་ཡིན་འདུག རྒྱ་ནག་གཞུང་གིས་དབུས་གཞུང་དམག་སྡེའི་ཁོངས་སུ་ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་པའི་གྲས་ཀྱི་རིམ་པ་ཆེས་མཐོ་ཤོས་ཀྱི་འགོ་ཁྲིད་ནི་ཀོ་པོ་ཞུང་དང་ཞུས་ཚེ་ཧིག་ཡིན་ཞིང་། ད་སྔ་དེ་ལས་གཞན་པའི་མཐོ་རིམ་དམག་སྤྱི་ཆེན་མོ་བཅུ་གནས་དབྱུང་དུ་བཏང་སྟེ། ཉམས་ཞིབ་པ་ཚོས་རྒྱ་ནག་གི་དམག་སྡེའི་ཁོངས་སུ་ལྐོག་ཟ་རུལ་སུངས་ལ་ཁ་གཡར་ནས་མི་མང་པོ་འཛིན་བཟུང་དང་གནས་དབྱུང་གཏོང་བཞིན་པ་ནི་རྒྱ་ནག་དམར་ཕྱོགས་ཚོགས་པའི་སྲིད་དབང་སྒེར་འཛིན་ལ་འགན་སྲུང་བྱེད་པའི་ཆེད་དུ་རྒྱ་ནག་གི་དམག་དོན་དབང་ཆར་སྟངས་འཛིན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་འགོ་ཁྲིད་དག་ལས་ཀྱང་དམག་སྡེའི་འགོ་ཁྲིད་ནི་ལྐོག་ཟ་རུལ་སུངས་ཚབས་ཆེ་ཤོས་ཡིན་པར་ངོས་འཛིན་བྱེད་མཁན་ཡོད། ན་ནིང་རྒྱ་ནག་གི་དམག་སྡེའི་མཐོ་རིམ་འགོ་ཁྲིད་ཀོ་པོ་ཞུང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང། དམག་སྡེའི་མཐོ་རིམ་མགོ་ཁྲིད་ཞུས་ཚད་ཧིག་ལ་༢༠༡༥་ལོར་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་བཏགས་ནས་ཁྲིམས་ཐག་གཅོད་འཆར་ཡོད་པའི་སྐབས་སུ་སྐྲན་ནད་ཀྱིས་འདས་གྲོངས་སུ་གྱུར། ཉེ་ཆར་རང་སྲོག་བཅད་པའི་རྒྱ་ནག་གི་དམག་གི་འགོ་ཁྲིད་ཀྲང་དབྱང་ནི་ལོ་ན་༦༦་ལ་སོན་པ་དང་། ༡༩༩༦་ནས་བཟུང་སྟེ་རྒྱ་ནག་གི་དམག་སྡེའི་ཁོངས་སུ་ལས་ཀ་བྱས་ཤིང་། ཉིས་༢༠༡༤་ནས་རྒྱ་ནག་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའང་བྱས་མྱོང་བ་རེད།།

XS
SM
MD
LG