ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དགོན་སྡེ་དང་དམངས་གཙོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འདས་པའི་༢༠༡༦་གི་ལོ་མཇུག་ཏུ་་བོད་ནང་གི་རྩོམ་པ་པོ་དར་ཆུང་གིས་དགོན་སྡེའི་དམངས་གཙོའི་ལམ་གྱི་སྐྱ་ཐིག་ཅེས་པའི་དེབ་ཅིག་བརྩམས་ཡོད་ཅིང་། དེབ་དེའི་མགོར་འཛམ་གླིང་གི་འགྲོ་བ་མིའི་ཀུན་ཁྱབ་བམ། ཡོངས་ཁྱབ་ཀྱི་རིན་ཐང་འཛིན་ཚུལ་གཙོ་བོ་ཞིག་སྟེ། དམངས་གཙོའི་བྱུང་རིམ་དང་དམངས་གཙོའི་ཁྱད་ཆོས་བཅུ་སོགས་རགས་རིམ་ཞིག་ངོ་སྤྲོད་བྱས་ཡོད་པ་དང་། དེབ་ཀྱི་དངོས་གཞིའི་ནང་དོན་ལ་བོད་ཀྱི་ད་ལྟའི་དགོན་སྡེ་ཁག་གི་གནས་སྟངས་ལ་གཞིགས་ནས་དགོན་སྡེ་དག་གི་འཛིན་སྐྱོང་དམངས་གཙོའི་ལམ་དུ་བསྐྱོད་དགོས་པའི་ལྟ་ཚུལ་ཚན་པ་བཅུ་བརྗོད་བྱར་བཟུང་སྟེ། མང་བསྟུན་ཉུང་སྲུང་གི་འདུལ་བའི་དགོངས་པར་མཐུན་པ་དང་། དབང་གསུམ་སྙོམས་བགོ་དྲང་བདེན་འབྱུང་བའི་གཞི་ཡིན་པ་མ་ཟད། ཕྱི་གསལ་ནང་གསལ་གྱི་ཡིད་རྟོན་འཕེལ་བ། ཤེས་རབ་བཅོམ་པའི་སློབ་གསོ་ནི་ནང་ཆོས་མིན་པ་སོགས་ཀྱི་སྒོ་ནས་དགོན་སྡེའི་འཛིན་སྐྱོང་གི་ཐད་ཀྱི་བསམ་ཚུལ་བརྗོད་པའི་དེབ་ཅིག་ཡིན་ཞིང་། དེབ་དེ་ཐོན་པའི་རྗེས་སུ་བོད་ཀྱི་གཞོན་སྐྱེས་ཤེས་ཡོན་ཅན་ཚོས་དོ་སྣང་ཆེན་པོ་བྱུང་བ་དང་། དེབ་དེ་ཐོན་མ་ཐག་ཏུ་རྫ་ཆུའི་རླབས་སྒྲ་ཅེས་པའི་དྲ་ཚིགས་སུ་དཔེ་དེབ་མཚམས་སྦྱོར་བྱས་ཏེ་བོད་ཀྱི་དགོན་སྡེ་ཁག་གིས་མ་འོངས་པར་ད་རུང་བླ་སྤྲུལ་རེ་འགའི་དབང་ཤུགས་རྒྱས་ཐབས་གཙོ་བོར་འཛིན་རྒྱུ་ཡིན་ནམ། ཡང་ན་དགེ་འདུན་སྤྱི་ལ་ཐོས་བསམ་སྒོམ་གསུམ་གྱི་རྒྱུན་བཟང་པོ་ཞིག་གནས་ཐབས་གཙོ་བོར་འཛིན་རྒྱུ་ཡིན། གཞན་ཡང་བོད་ཀྱི་དགོན་སྡེ་ཁག་གིས་མ་འོངས་པར་ད་རུང་ལྷ་སྡེ་མི་སྡེ་རྒྱ་བསྐྱེད་ཀྱིས་ཆབ་སྲིད་ཐེབས་ཆག་ཅིག་ལ་འགྲན་སྡུར་བྱ་རྒྱུ་ཡིན་ནམ། ཡང་ན་དགོན་པ་དགོན་པའི་སར་བསྡད་དེ་རང་རང་གི་ཁོངས་སུ་ཞུགས་པའི་དགེ་འདུན་པའི་ཆོས་མཐུན་སྤྱོད་ཡོན་གྱི་སྤུས་ཀ་འགྲན་སྡུར་བྱ་རྒྱུ་ཡིན། དེ་མིན་ན་བོད་ཀྱི་དགོན་སྡེ་ཁག་གིས་མ་འོངས་པར་ད་རུང་དགེ་འདུན་པ་དམངས་ཀྱི་ཐུགས་མོས་དང་མཐུན་མིན་ལ་མ་ལྟོས་པར་དབང་ཤུགས་ཅན་རེ་གཉིས་ཀྱི་བཀའ་བཀོད་ཁོ་ནར་ཉན་ནས་འགྲོ་རྒྱུ་ཡིན་ནམ། ཡང་ན་ཆོས་འདུལ་བའི་དགོངས་པ་གཞིར་བཞག་ཐོག་ཏུ་དགེ་འདུན་དམངས་ཀྱི་ཐུགས་མོས་དང་མཐུན་པའི་ལམ་ཁ་ཞིག་ལ་འགྲོ་རྒྱུ་བཅས་ལ་དེབ་འདིའི་ལེའུ་ཁག་གིས་ལན་འདེབས་མཛད་འདུག་ཅེས་ངོ་སྤྲོད་བྱས་འདུག ཉེ་ཆར་འདིའི་ཐད་དུ་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོས་བཙན་པོ་དྲ་བར་ཚན་པ་བཞི་ཅན་གྱི་བཀླགས་མཆན་ཞིག་བཀོད་ཅིང་། བཀླགས་མཆན་དེའི་མགོར་སྒོ་ཤེས་རབ་རྒྱ་མཚོས་དགོན་སྡེ་སོ་སོར་འཛིན་སྐྱོང་སྒྲིག་འཛུགས་ལེགས་པོ་ཞིག་ཡོད་མེད་ནི་དགོན་སྡེ་དེ་དང་དེར་བཞུགས་པའི་རབ་བྱུང་བ་རྣམས་ཀྱི་མི་ཚེའི་མདུན་ལམ་དང་ཐད་ཀར་འབྲེལ་ཡོད་པས་ན། དགོན་པའི་འཛིན་སྐྱོང་ལེགས་བཅོས་ཀྱི་གནད་དོན་གཙོ་བོ་དགེ་འདུན་པས་གླེང་འོས་པ་དང་གླེང་དགོས་པ་ཞིག་ཆགས་ཡོད་ཅེ་དང་། གཞན་ཡང་དེབ་འདི་དགོན་སྡེའི་འཛིན་སྐྱོང་དོ་དམ་གྱི་ངོ་བོ་དམངས་གཙོའི་ལམ་དུ་འགྲོ་དགོས་པའི་རྒྱུ་མཚན་དང་། དམངས་གཙོར་བསྒྱུར་ན་ཇི་ལྟར་བསྒྱུར་པའི་ཚུལ་སོགས་ཕྱོགས་ཀུན་ནས་ཆ་ཚང་བ་ཞིག་བྲིས་པའི་རྩོམ་དེབ་ཀྱི་ཐོག་མ་ལྟ་བུར་སྣང་ཞེས་འཁོད། ཡང་ཁོང་གི་བཀླགས་མཆན་གྱི་ཚན་པ་དང་པོའི་ནང་དུ་འདི་ལྟ་བུའི་དགོན་སྡེའི་དམངས་གཙོ་དེ་སྒྲུབ་གྲྭ་ཆུང་ཆུང་དག་ལ་དམིགས་ནས་མ་ཡིན་པར་དགོན་ཆེན་དག་ལ་དམིགས་ཡོད་པ་སོགས་དང་། ད་ལྟའི་བོད་ཀྱི་དགོན་སྡེ་ཆེ་ཁག་གི་དཀའ་ངལ་སེལ་ཐབས་གཙོ་བོ་ནི་གྲྭ་མང་ལ་ཀུན་སྤྱོད་ཀྱི་བསླབ་བྱ་རྒྱག་རྒྱུ་དེ་མིན་ལ། ཆོས་ཚོགས་མང་པོ་གང་སར་ཚུགས་རྒྱུ་དེའང་མིན། གཙོ་བོ་དམ་པའི་ཆོས་འདུལ་བ་གཞིར་བྱས་པའི་དེང་གི་ཡུལ་དུས་ཀྱི་ཆོས་ཉིད་དང་འཚམས་པའི་འཛིན་སྐྱོང་དོ་དམ་གྱི་ལམ་ལུགས་ཚད་ལྡན་ཞིག་ཚུགས་རྒྱུ་དེ་ཡིན་པས་དེབ་འདིའི་ནང་དོན་ཁག་བསྔགས་བརྗོད་བྱ་ཡུལ་ཞིག་དང་བསྟན་པར་ཞབས་འདེགས་སུ་འགྲོི་བའི་ལེགས་བྱས་གཙང་མ་ཞིག་ལ་ངོས་འཛིན་བྱས་འདུག བཀླགས་མཆན་འདིའི་མཇུག་གི་ཚན་པ་སོ་སོའི་ནང་དུ་གཙོ་བོ་མཆན་འགོད་པས་དགོན་སྡེའི་འཛིན་སྐྱོང་དམངས་གཙོའི་ལམ་དུ་བསྐྱོད་དགོས་ཞེས་པ་ནི་ཆོས་ཀྱི་ལྟ་གྲུབ་ལ་བཟོ་བཅོས་རྒྱག་དགོས་པའི་དོན་དང་། འདུལ་བའི་གཞི་རྩའི་དགོངས་པ་བཅོས་དགོས་པའི་དོན་དང་། དགོན་སྡེ་ནི་ཁྱིམ་པའི་ཚོགས་སྡེ་ཞིག་ཏུ་བསྒྱུར་དགོས་པའི་དོན་སོགས་གཏན་ནས་མིན་ཞིང་། དགེ་འདུན་རྣམས་ཐུགས་མཐུན་ཞི་ལྷོད་ཀྱི་ངང་དུ་འཚོ་ཞིང་གནས་པའི་ཁོར་ཡིག་ཅིག་བསྐྲུན་ཆེད་དང་། བསྟན་པའི་སྙིང་པོ་རྣམ་པར་དག་པ་ཞིག་འཛིན་པའི་ཐབས་སུ་ཆོས་སྡེ་ཁག་ལའང་མིའི་རང་བཞིན་དང་མཐུན་པའི་དོ་དམ་གྱི་ཐབས་ཚུལ་ལེགས་པོ་ཞིག་བསྟེན་དགོས་པའི་དོན་ཡིན་ཚུལ་དེབ་འདིར་རྒྱས་པར་བཤད་འདུག་ཅེས་རང་གི་བསམ་ཚུལ་བསྟན་ཡོད་ཅིང་། ད་དུང་ཁོང་གིས་དེབ་དེའི་ནང་དུ་གཙོ་བོ་ནང་དོན་གསུམ་འཁོད་ཡོད་པར་སྡོམ་ཚིག་བཀོད། དེ་ནི་དགོན་པའི་ཁྲིམས་བཟོ་ལྷན་ཚོགས་སམ། བཅའ་ཡིག་བཟོ་བའི་ལྷན་ཚོགས་ཤིག་འཛུགས་རྒྱུ་དང་། ཁྲིམས་དེ་ལག་བསྟར་བྱེད་མཁན་གྱི་འཛིན་སྐྱོང་ཚོགས་པ་ཞིག་དགོས་རྒྱུ། གཞན་ཡང་དམངས་གཙོའི་ལམ་སྲོལ་གྱི་སྙིང་པོ་གལ་ཆེན་ཞིག་ནི་སྐྱེས་བུ་སྒེར་རེ་རེའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པས། ཚོགས་པའི་དོན་བྱ་དང་འབྲེལ་བའི་ཐག་གཅོད་ཕལ་ཆེར་མང་ཕྱོགས་ལ་བསྟུན་དགོས་ངེས་ཀྱང་། དེ་དང་ཆབས་ཅིག་ཏུ་མང་ཕྱོགས་དང་ལྟ་ཚུལ་མི་མཐུན་པའི་ཉུང་ཕྱོགས་ཀྱི་ཐོབ་ཐང་ཡང་ངེས་པར་སྲུང་སྐྱོབ་བྱ་དགོས་པའི་གནས་ལུགས་དེ་དགོན་སྡེའི་འཛིན་སྐྱོང་ཁྲོད་དུའང་གཅིག་མཚུངས་ཡིན་ཞེས་དཔེ་དེབ་འདིར་ཡང་ཡང་བཀོད་འདུག་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད་བཅས་གཙོ་བོ་ཚན་པ་གསུམ་གྱི་སྒོ་ནས་དེབ་འདིར་བཀླགས་མཆན་བཀོད། སྒོ་ཤེས་རབ་རྒྱ་མཚོ་ནི་བོད་ནང་དུ་མིང་གྲགས་ཧ་ཅང་ཆེ་བའི་གཞོན་སྐྱེས་བཙུན་པ་རྩོམ་པ་པོ་ཞིག་ཡིན་ཞིང་། ཁོང་གིས་ད་བར་དུ་ང་ཚོ་སད་རན་དང་། སྐྱེས་ཆེན་གྱི་བཞུད་ལམ། རྒྱུན་ཤེས་དང་ལམ། ཧི་མ་ལ་ཡའི་ཕར་ཚུར་སོགས་སོགས་བརྩམས་ཆོས་ཁ་ཤས་བརྩམས་ཡོད་པ་མ་ཟད། བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་སྣ་ཚོགས་ལ་དཔྱད་བརྗོད་ཀྱི་རྩོམ་ཡིག་ཀྱང་མང་པོ་བྲིས་སོ།།

XS
SM
MD
LG