ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། རྒྱ་ནག་གིས་ཡུ་གུར་པའི་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་བྱེད་ཀྱི་ཡོད་ཅེས་ཞིན་ཅང་ལ་དམ་དྲག་གི་ལས་ཐབས་ཁག་ཅིག་ལག་ལེན་བསྟར་གྱི་ཡོད་པ་དང་། དཔེར་ན་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཁ་ཆེའི་ལྷ་ཁང་ཁག་གི་སྒོ་ཁར་ལྕགས་དང་མཚོན་ཆའི་རིགས་ཞིབ་བཤེར་བྱེད་པའི་འཕྲུལ་ཆས་བཙུགས། རྒྱ་ལམ་ཐོག་ཏུ་འགག་སྒོ་བཙུགས་ནས་མི་ལ་སྔོག་བཤེར་དང་འདྲི་གཅོད། རྒྱ་ནག་གཞུང་གིས་ཡོངས་གྲགས་སུ་ཡུ་གུར་པའི་སྐྱེས་པ་ཚོས་རྒྱ་དང་ཁ་སྤུ་འཇོག་མི་ཆོག བུད་མེད་ཚོས་མགོ་རས་དཀྲིས་ནས་གདོང་ཁེབས་རྒྱག་མི་ཆོག་ཅེས་ཁྱབ་བྱས་མེད་མོད། འོན་ཀྱང་ཡུ་གུར་པའི་སྐྱེས་པ་ལོ་ན་༥༠་མ་ལོན་པ་དང་བུད་མེད་ན་གཞོན་ཚོར་མགོ་རས་དཀྲི་བ་དང་གདོང་ཁེབས་རྒྱག་ཏུ་འཇུག་གི་མེད་ཅིང་། རྒྱ་གཞུང་གི་ལས་བྱེད་པ་དང་ན་གཞོན། སློབ་ཕྲུག་རྣམས་ཁ་ཆེའི་ལྷ་ཁང་ལ་ཕྱག་འཚལ་དུ་འགྲོ་བ་དང་སྨྱུང་གནས་སྲུང་བ། ཁོ་ཚོས་ཆོས་ལུགས་ཀྱི་ཆ་བྱད་མཚོན་པའི་རྣམ་པ་གང་ཡང་སྟོན་ཆོག་གི་མེད་པ་དང་། ཉེ་དུས་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཕ་མ་ཚོར་རང་གི་བུ་ཕྲུག་ལ་ཨི་སི་ལམ་དང་ཀོ་རན། མེ་ཀ་དང་ས་ཏམ། ཇཱི་ཧྡ་སོགས་ཁ་ཆེའི་ཆོས་ལུགས་ཀྱི་མཚོན་དོན་ནམ། ཡང་ན་ཁ་ཆེ་ཚོས་རང་གི་མི་རིགས་ཀྱི་དཔའ་བོར་རྩི་བའི་མི་དང་ཁ་ཆེའི་གནས་ཆེན་ཁག་གི་མིང་གི་ཤས་ཆ་རྣམས་བུ་ཕྲུག་གི་མིང་གི་ཆ་ཤས་སུ་གདགས་མི་ཆོག གལ་སྲིད་ཕ་མ་གང་ཞིག་གིས་གཞུང་གི་བཀོད་འདོམས་ལ་མ་མཉན་པར་བུ་ཕྲུག་ཚོར་ཁ་ཆེའི་ཆོས་ལུགས་ལ་འབྲེལ་བ་ཡོད་པའི་མིང་བཏགས་ཚེ། བུ་ཕྲུག་དེར་རྒྱ་ནག་གཞུང་གིས་ཐེམ་ཐོ་མི་སྤྲོད་པ་དང་སློབ་གྲྭར་མི་ཚུད་པའི་དཀའ་ངལ་འབྱུང་སྲིད་ཅེས་ཉེན་བརྡ་བཏང་འདུག ཁ་ཤཱི་གྷར་གྲོང་ཁྱེར་གྱི་ཚོང་པ་ཞིག་གིས་གསར་འགོད་པར་སེམས་གཏམ་བརྗོད་དོན། རྒྱ་ནག་གཞུང་གིས་ཞིན་ཅང་གི་ས་གནས་གང་སར་རྒྱ་ལམ་ཐོག་ཏུ་འགག་སྒོ་བཙུགས་ནས་འགྲིམ་འགྲུལ་ལ་དཀའ་ངལ་དང་དལ་འགོར་ཆེན་པོ་འདུག ང་ཚོར་རང་གི་ཡུལ་ལུང་འདི་ཨབ་གྷ་ཎི་སི་ཐན་དང་པ་ཀི་སི་ཐན་ལྟ་བུའི་ཟིང་འཁྲུག་ཅན་ཞིག་ལ་འགྱུར་དུ་འཇུག་འདོད་མེད། ཡུ་གུར་པའི་གྲས་སུ་དྲག་སྤྱོད་པ་ཉུང་ཤས་རེ་ཡོད་པ་བདེན། ཡིན་ནའང་རྒྱ་ནག་གཞུང་གིས་ཡུ་གུར་པ་ཡོད་དོ་ཅོག་དྲག་སྤྱོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་འོས་འཚམས་ཤིག་མིན། གལ་སྲིད་རྒྱ་གཞུང་གིས་ཞིན་ཅང་ལ་དམ་དྲག་བྱ་རྒྱུ་ཐལ་དྲགས་


ན་རྒྱ་ནག་ལའང་དྲག་ཟིང་ཁྱབ་གདལ་འགྲོ་སྲིད་ཅེས་བཤད་འདུག རྒྱ་ནག་གཞུང་གིས་ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་གསུམ་ལ་འཐབ་རྒོལ་བྱེད་ཀྱི་ཡོད་ཅེས་དྲག་ཉེན་རྟོག་པ་ཁྲི་ཚོ་མང་པོ་ཁ་སྣོན་བཏང་སྟེ། དེང་སྐབས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཟེར་པའི་མངའ་ཁོངས་ཧྲིལ་བོ་ཉེན་རྟོག་པའི་ཡུལ་ལུང་ལ་བསྒྱུར། སྔ་ལོ་སི་རི་ཡའི་ས་ཐོག་ཏུ་ཡོད་པའི་ཁ་ཆེ་རྒྱལ་ཁམས་ཀྱི་འཐབ་མོ་བོའི་ཁོངས་སུ་ཞུགས་པའི་ཡུ་གུར་པ་ཁག་ཅིག་གིས་བརྙན་འཕྲིན་ཞིག་བཀྲམ་སྟེ། ང་ཚོས་རྒྱ་ནག་ལ་ཁྲག་གི་མཚོ་ཞིག་འཁྱིལ་པའི་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་པར་བརྟེན། སྲིད་འཛིན་ཞིས་ཅན་ཕིང་གིས་ཞིན་ཅང་གི་མཐའ་མཚམས་ཁག་ཏུ་སྲུང་སྐྱོབ་དམ་པོ་བྱ་དགོས་ཞེས་བཀའ་ཕབ། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་དམ་དྲག་བྱེད་པའི་སྲིད་ཇུས་དེས་ཞིན་ཅང་གི་ས་གནས་ཡོངས་སུ་འཚོ་གནས་བྱེད་པའི་མི་རིགས་ཐམས་ཅད་ལ་གནོན་ཤུགས་ཐེབས་ཀྱི་ཡོད་པ་དང་། ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་ཡིས་སྔོན་ཆད་བོད་རང་སྐྱོང་ལྗོངས་ལ་ལག་ལེན་བསྟར་པའི་ཆེས་གདུག་རྩུབ་ཀྱི་སྲིད་ཇུས་རྣམས་ད་ལྟ་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པ་རེད།།

XS
SM
MD
LG