ཕ་ཡུལ་གླེང་སྟེགས་ཀྱི་ལས་རིམ་ནང་ཕྱི་ལོ་༢༠༡༤་ནང་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་བགྲོ་གླེང་ཞུས་པ་ཡིན།།
ཕྱི་ལོ་༢༠༡༤་ནང་བོད་ནང་བོད་མི་བཅུ་གཅིག་གིས་རང་ལུས་མེར་སྲེག་སྒོས་རྒྱ་ནག་གཞུང་གིས་བོད་དུ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་པ་དང་། རང་ལུས་མེར་སྲེག་གནང་མཁན་གྱི་ནང་མི་གྲོགས་པོ་སོགས་ལའང་རྒྱ་ནག་གཞུང་གིས་དམ་དྲག་དང་འཛིན་བཟུང་བྱས་ནས། ད་ལྟའི་ཆར་རྒྱ་ནག་ཏུ་བོད་ཀྱི་སྲིད་དོན་བཙོན་པ་བརྒྱ་དང་སུམ་བཅུ་ལྷག་བཙོན་འཇུག་འོག་ཡོད་ཟེར། དེ་བཞིན་དུ་ཚེ་རིང་མཚོ་མོ་ལགས་ཀྱིས་ཞིས་ཅིན་ཕིང་གི་སྐབས་འདིར་བོད་པ་མང་པོ་ཞིག་ལ་རེ་བ་བརླགས་པའི་མྱོང་ཚོར་བྱུང་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཙོ་བྱས་པའི་རྒྱལ་སྤྱིའི་སྟེང་བོད་ནང་གི་གནས་སྟངས་ལ་དོ་སྣང་བྱེད་བཞིན་ཡོད་ཟེར།།