ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་ཁག་ཏུ་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན།


༄༅།། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱ་ནག་དང་བོད་མཐོ་སྒང། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་གནས་ཁག་གི་ཆབ་སྲིད་དང་ཁོར་ཡུག གནམ་གཤིས་བཅས་ལ་ཞིབ་འཇུག་བྱེད་མཁན་རྒྱ་གར་གི་བདེ་འཇགས་འཆར་འགོད་ཚོགས་པའི་བཀོད་སྒྲིག་འོག ཕྱི་ཟླ་༩་པའི་ཚེས་༡༣་གྱི་ཕྱི་དྲོར་དྲྭ་ལམ་དུ་འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ཁུལ་དུ་འབྱོར་འབྲིང་གྲོང་ཚོའམ། ཤའོ་ཁང་གྲོང་ཚོ་ཞེས་པ་ཞིག་འཛུགས་སྐྲུན་བྱེད་བཞིན་པར་དཔྱད་བརྗོད་ཀྱི་བགྲོ་གླེང་ཚོགས་ཡོད་ཅིང་། བགྲོ་གླེང་དེར་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཁེ་ལོ་ཌི་ཨར་ཕི་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ། རྒྱ་གར་གྱི་འཁོར་སྐར་ས་བཀྲ་དཔྱད་ཞིབ་པ་དམག་དཔོན་ཟུར་པ་ཝྭི་ན་ཡཀ་བྷ་ཏ། བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་མེ་ཐུ་ཨ་ཀེ་སི་ཊར། སློབ་དཔོན་རོ་བྷི་བྷར་ནེ་ཊི་རྣམས་མཁས་པའི་བགྲོ་གླེང་དེར་གདན་ཞུས་འདུག བགྲོ་གླེང་དེར་ཞུགས་པའི་མཁས་པ་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ཁག་གི་འབྱོར་འབྲིང་གྲོང་ཚོ་བརྒྱུད་ནས་ཁྱིམ་མཆེས་རྒྱལ་ཁབ་ཁག་གི་མཐའ་མཚམས་ས་ཆ་རྣམས་རིམ་གྱིས་བདག་བཟུང་དང་རྒྱ་སྐྱེད་ཀྱི་ལས་གཞི་ཇི་ལྟར་སྤེལ་གྱི་ཡོད་པ་དང་རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་དེ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པ་སོགས་ལ་དུས་ཡུན་ཆུ་ཚོད་གསུམ་གྱི་རིང་དུ་བགྲོ་གླེང་ཚུགས་སོང་། སྐུ་ཞབས་ཨར་ཕི་དང་ཚེ་དབང་རྡོ་རྗེ་རྣམ་གཉིས་ཀྱིས་༢༠༡༥་ལོར་རྒྱ་ནག་གཞུང་གིས་བོད་ཀྱི་ལས་དོན་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཏུ་དབུལ་ཕོངས་ལས་གྲོལ་རྒྱུའི་འཆར་གཞི་ལག་ལེན་བསྟར་དགོས་པའི་སྲིད་ཇུས་གཏན་ལ་ཕབ་སོང་། ༢༠༡༧་ནས་རྒྱ་ནག་གཞུང་གིས་ཧིན་བོད་ས་མཚམས་སུ་འབྱོར་འབྲིང་གྲོང་ཚོ་ཞེས་པ་ཞིག་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད། ད་ལྟ་ཧིན་བོད་ས་མཚམས་སུ་རྒྱ་ནག་གིས་འབྱོར་འབྲིང་གྲོང་ཚོ་༦༠༠་ལྷག་འཛུགས་སྐྲུན་བྱས་ཟིན་ཡོད་པར་མ་ཟད། གྲོང་ཚོ་དེ་དག་དབུལ་ཕོངས་ལས་གྲོལ་རྒྱུའི་དམིགས་ཡུལ་ཁོ་ན་མིན་པར་གྲོང་ཚོ་དེ་རྣམས་ཕྱིའི་འཛུགས་སྐྲུན་གྱི་ཆ་རྐྱེན་བཟང་པོ་དང་ཚད་མཐོའི་དྲྭ་རྒྱ་གསར་འཛུགས། འབྲེལ་མཐུད་དང་རྒྱ་ལམ་སོགས་ཀྱི་ཆ་རྐྱེན་ལྡན་པ། བོད་པ་དང་རྒྱ་ནག་པ་མི་རིགས་གཉིས་ཀ་འདུས་པའི་ས་གནས་དེ་དག་ཏུ་ཡུན་རིང་འཚོ་གནས་ཐུབ་པ། ཆབ་སྲིད་དང་བདེ་འཇགས་བཅས་ལ་འབྲེལ་བ་ཡོད་པ་ཞིག་རེད་ཅེས་བསྟན།།

རྒྱ་གར་གྱི་འཁོར་སྐར་ས་བཀྲ་དཔྱད་ཞིབ་པ་སྟེ། དམག་དཔོན་ཟུར་པ་ཝྭི་ན་ཡཀ་བྷ་ཏ་དང་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་མེ་ཐུ་ཨ་ཀེ་སི་ཊར། སློབ་དཔོན་རོ་བྷི་བྷར་ནེ་ཊི་བཅས་ཀྱིས་རྒྱ་ནག་གཞུང་གིས་ལས་གཞི་དེ་འདྲ་རྒྱ་གར་གྱི་མཐའ་མཚམས་ཁག་གཅིག་པུ་མིན་པར་འབྲུག་ཡུལ་གྱི་མཐའ་མཚམས་སུའང་འཛུགས་སྐྲུན་བྱེད་ཀྱི་འདུག སྔ་མོའི་རྒྱ་ནག་གི་ས་བཀྲ་ཁག་ཏུ་འབྲུག་ཡུལ་གྱི་མངའ་ཁོངས་སུ་བརྩིས་པའི་གྲོང་གསེབ་བདུན་རྒྱ་ནག་གཞུང་གིས་རིམ་བཞིན་བོད་ཀྱི་ས་ཁོངས་སུ་བཅུག་སྟེ་འབྱོར་འབྲིང་གི་གྲོང་ཚོ་དང་མི་མེད་ལུང་སྟོང་ཁག་ཏུ་དམག་དོན་ལ་མཁོ་བའི་རྒྱ་ལམ། གཏན་འཇགས་ཀྱི་ས་ཚིགས་རྣམས་འཛུགས་སྐྲུན་བྱེད་བཞིན་འདུག འདས་པའི་ལོ་གཅིག་གི་ནང་དུ་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཙོས་ཆབ་སྲིད་ཀྱི་མཐོ་རིམ་མི་སྣ་༡༡་ནས་༢༥་ཙམ་མཐའ་མཚམས་ཀྱི་ས་གནས་ས་ཐོག་ཏུ་གཟིགས་ཞིབ་ལ་བསྐྱོད་སོང་། ཛ་དྲག་གི་གནས་སྟངས་དེར་རྒྱ་གར་དང་བོད་མིའི་སྒྲིག་འཛུགས། འབྲུག་ཡུལ་དང་བལ་ཡུལ་བཅས་ཀྱིས་གདོང་ལེན་ནན་པོ་ཞིག་བྱེད་ཐུབ་ཀྱི་མེད་པ་གསལ་སྟོན་བྱས་འདུག

ད་ལན་གྱི་བགྲོ་གླེང་སྐབས་སུ་གསུང་བཤད་གནང་མཁན་དང་དྲི་བ་འདྲི་མཁན་ཚང་མས་དོ་སྣང་བྱ་ཡུལ་གཙོ་བོ་ནི་རྒྱ་གར་གྱི་བདེ་འཇགས་ཡིན་རུང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེས་རྒྱ་ནག་གི་ལས་གཞི་དེར་བོད་པ་ཚོས་དོ་སྣང་བྱེད་དགོས། འདི་ནི་རྒྱ་ནག་གིས་བོད་མི་རིགས་རྩ་མེད་གཏང་རྒྱུའི་སྲིད་ཇུས་ཀྱི་ལས་གཞིའི་རྣམ་གྲངས་ཤིག་རེད་ཅེས་ནན་བརྗོད་གནང་འདུག བགྲོ་གླེང་ཚོགས་འདུ་དེར་ཞུགས་པའི་མཁས་པ་ཚོས་རྒྱ་ནག་གིས་མེཀ་མ་ཧོན་ས་ཐིག་གི་གཡས་གཡོན་དུ་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་ཡར་ཀླུང་གཙང་པོ་བཀག་ནས་ཆུ་རགས་བཅུ་གསུམ་བརྒྱབ་པ་དེ་དག་གིས་མ་འོངས་པར་རྒྱ་གར་ལ་ཉེན་ཚབས་ཧ་ཅང་ཆེན་པོ་ཞིག་ཡོང་གི་རེད། ༢༠༢༠་ལོའི་ཕྱི་ཟླ་༨་པར་སྐོང་ཚོགས་བྱས་པའི་རྒྱ་ནག་གི་བོད་ཀྱི་ལས་དོན་ཚོགས་འདུ་ཐེངས་བདུན་པའི་ཐག་གཅོད་ཁག་ལའང་རྒྱ་གར་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དོ་སྣང་བྱ་རྒྱུ་གལ་འགངས་ཆེན་ཡིན་ཞེས་བསམ་འཆར་བཏོན་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG