ངོ་འཕྲད་བདེ་བའི་དྲ་འབྲེལ།

གྲུབ་འབྲས་མེད་པའི་ཞིས་ཅིན་ཕིང་གི་བལ་ཡུལ་འཚམས་འདྲི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་ཕྱི་ཟླ་༡༠་པའི་ཚེས་༡༢་དང་༡༣་གཉིས་ལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་བལ་ཡུལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས། འདི་ནི་ལོ་༢༣་གྱི་རྗེས་སུ་རྒྱ་ནག་གི་སྲིད་འཛིན་ཞིག་བལ་ཡུལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་ཞིང་། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ཞིས་ཅིན་ཕིང་གི་འཚམས་འདྲིའི་སྐབས་སུ་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་ལ་བདེ་བླག་ཏུ་མིང་རྟགས་འགོད་ཐུབ་རྒྱུའི་རྩིས་བརྒྱབ་ཀྱང་ཞིས་ཅིན་ཕིང་བལ་ཡུལ་ལ་འཚམས་འདྲིར་འབྱོར་བའི་རྗེས་སུ་བལ་ཡུལ་གཞུང་གིས་རྩིས་སྤྲོད་ཆིངས་ཡིག་ལ་མིང་རྟགས་འགོད་ཐབས་བྲལ། བལ་ཡུལ་གཞུང་གིས་མ་འོངས་པར་རྒྱ་ནག་ལ་སྐྱེ་བོ་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་ལ་མིང་རྟགས་འགོད་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད། དེར་བརྟེན་ཞིས་ཅིན་ཕིང་ཁོང་ཁྲོ་ལངས་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐེ་མན་རྡུར་གཏམ་བཤད་བྱས་པའི་སྐབས་སུ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཁག་ལུང་དྲངས་ཏེ་སུ་ཞིག་གིས་རྒྱ་ནག་གི་ས་ཁུལ་གང་འདྲ་ཞིག་ཁ་བྲལ་དུ་གཏོང་ཐབས་བྱས་ན་ལུས་པོ་བཅག་གཅོག་དང་རུས་པ་ཐལ་བར་བསྒྱུར་རྒྱུ་ཡིན། རྒྱ་ནག་གི་ས་ཁུལ་གང་འདྲ་ཞིག་ཏུ་ཁ་བྲལ་གྱི་ལས་འགུལ་ལ་ཞུགས་པའི་མི་རྣམས་རྩ་གཏོར་གཏོང་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག

བལ་ཡུལ་གྱི་གསར་འགོད་པ་ཚོས་ཞིས་ཅིན་ཕིང་གི་གཏམ་བཤད་དེའི་ཉེན་བརྡ་རྣམས་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་དང་བོད་དོན་འཐབ་རྩོད་པ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་པ་ཚོར་དམིགས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། དེང་སྐབས་བལ་ཡུལ་གྱི་ས་ཐོག་ཏུ་བོད་པ་བཙན་བྱོལ་བ་ཁྲི་ཚོ་༢་ཡས་མས་ཤིག་ཡོད་པའི་ཁོངས་ནས་བོད་པ་༩༠༠༠་ཙམ་རྒྱལ་ས་ཀ་ཐེ་མན་རྡུ་ཁོ་ནར་འདུས། འདས་པའི་ལོ་༦༠་ཡས་མས་ཤིག་ལ་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བའི་གནས་སྟངས་དེ་ཉིད་ཁ་གསལ་ཞིག་གཏན་ནས་མེད་པ་དང་བལ་ཡུལ་གཞུང་གིས་འཇི་ཎི་ཝྭའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བར་སྲུང་སྐྱོབ་བྱ་དགོས་པའི་གྲོས་མཐུན་ལའང་མིང་རྟགས་བཀོད་མེད། ཡིན་ནའང་༡༩༥༩་ནས་བལ་ཡུལ་གྱི་ས་ཐོག་ཏུ་གཞིས་ཚུགས་པའི་བོད་པ་བཙན་བྱོལ་བ་ཚོར་དམིགས་བསལ་གྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་མྱོང་མེད། དཔེར་ན་རྒྱལ་ས་ཀ་ཐེ་མན་རྡུ་གྲོང་ཁྱེར་གཙོས་བལ་ཡུལ་གྱི་ས་གནས་ཁག་ཏུ་བོད་པ་བཙན་བྱོལ་བ་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་ནག་ལ་ངོ་རྒོལ་དང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཐུབ་ཡོད་པར་མ་ཟད། ༡༩༧༩་ལོར་རྒྱ་ནག་གཞུང་གིས་བོད་ལ་སྲིད་ཇུས་གུ་ཡངས་ཅུང་ཟད་བཏང་ནས་བཟུང་། འདས་པའི་ལོ་མང་རིང་བལ་ཡུལ་བརྒྱུད་ནས་བོད་པ་སྐྱབས་བཅོལ་བ་རྣམས་རྒྱ་གར་ལ་བཙན་བྱོལ་དུ་ཐར། དུས་སྐབས་རེ་ཟུང་ཞིག་ལ་བལ་ཡུལ་གཞུང་གིས་ས་མཚམས་སུ་འཛིན་བཟུང་བྱས་པའི་བོད་པ་སྐྱབས་བཅོལ་བ་ཁག་ཅིག་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ལ་རྩིས་སྤྲོད་བྱས་རུང་བལ་ཡུལ་བརྒྱུད་ནས་བྲོས་བྱོལ་དུ་ཡོང་བའི་བོད་པ་སྐྱབས་བཅོལ་ཕལ་མོ་ཆེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལྷན་ཁང་ལ་རྩིས་སྤྲོད་བྱས་ནས་རྒྱ་གར་ལ་བཏང་ཡོད་པ་རེད།

བལ་ཡུལ་གྱི་ས་ཐོག་ཏུ་གནས་འཁོད་བོད་པ་བཙན་བྱོལ་བ་རྣམས་སྔ་མོ་ནས་རྒྱ་ནག་གི་མིག་ལམ་དུ་ཚེར་མ་ལྟ་བུ་ཞིག་ལ་གྱུར་ཏེ་བཟོད་གླགས་བྲལ། རྒྱ་ནག་གཞུང་གིས་བལ་ཡུལ་དུ་གནས་འཁོད་པ་བཙན་བྱོལ་བ་རྣམས་སྐྱབས་བཅོལ་བ་རྫུན་མ་ཡིན། ཁོ་ཚོ་རྒྱ་ནག་ཁ་བྲལ་གཏོང་མཁན་ཉེས་ཅན་ཁྲིམས་འགལ་བ་ཡིན་ཞེས་ཁྱབ་བསྒྲགས་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་བལ་ཡུལ་དང་རྒྱ་ནག་གཉིས་ཀྱིས་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་འཇོག་དགོས་ཞེས་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། ཞིས་ཅིན་ཕིང་གིས་རྒྱ་ནག་ནི་བལ་ཡུལ་ལ་དྲིན་ཆེན་ཡིན། རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་དུང་ཕྱུར་མང་པོའི་དཔལ་འབྱོར་རོགས་རམ་དང་འཛུགས་སྐྲུན་རོགས་རམ། རི་ལུང་གིས་ཡོངས་སུ་བསྐོར་པའི་བལ་ཡུལ་རྒྱལ་ཁབ་དེ་ཉིད་རྒྱ་ནག་གི་མཚོ་ལམ་བརྒྱུད་ནས་འཛམ་གླིང་ཕྱི་ལ་འབྲེལ་བ་བྱེད་ཐུབ་པའི་མཐུན་རྐྱེན་མཁོ་སྒྲུབ་བྱེད་ཀྱི་ཡོད། བལ་ཡུལ་གཞུང་གིས་རྒྱ་ནག་ལ་དྲིན་ལན་འཇལ་དགོས་བསམ་འདུག དེ་ནས་རྒྱ་ནག་གིས་བལ་ཡུལ་གྱི་ས་ཐོག་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གིས་བོད་མི་རིགས་རྩ་མེད་གཏོང་གི་ཡོད་པ་དང་བོད་པའི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་གི་འདུག་ཅེས་རྫུན་སྒྲོགས་བྱེད་མཁན་བོད་པ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་པའི་སྐུལ་ལྕག་བཏང་སྟེ། རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་དང་རྒྱ་ནག་དམར་ཤོག་ཚོགས་པའི་ཕྱོགས་གཏོགས་བལ་ཡུལ་གྱི་གསར་འགྱུར་ལས་ཁང་ཁག་གིས་བལ་ཡུལ་དུ་གནས་འཁོད་བོད་པ་རྣམས་སྐྱབས་བཅོལ་བ་རྫུན་མ་རེད་ཅེས་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུ་འགོ་ཚུགས།

ཞིས་ཅིན་ཕིང་གི་འཚམས་འདྲིའི་སྐབས་སུ་རྒྱ་ནག་གིས་རེ་ལྟོས་བྱས་པ་ལྟར་ལས་དོན་མ་གྲུབ་པ་ནི་རྩིས་སྤྲོད་ཆིངས་ཡིག་ཅིག་ལ་མིང་རྟགས་འགོད་མ་ཐུབ་པ་གཅིག་པུ་མིན། དཔེར་ན་རྒྱ་ནག་གིས་འགྲོ་གྲོན་རོགས་རམ་སྤྲད་ནས་བལ་ཡུལ་གྱི་དམག་དོན་མི་སྣ་སྐྱེད་སྲིང་དང་ཉེན་རྟོག་པར་སྦྱོང་བརྡར་སྤྲོད་ཡུལ་རྒྱལ་སྲུང་སློབ་ཆེན་ཞིག་དང་བལ་ཡུལ་ལ་རྒྱལ་ཡོངས་གྲོས་ཚོགས་ཁང་གསར་པ་ཞིག་འཛུགས་སྐྲུན། བལ་ཡུལ་དང་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་ལམ་གསར་པ་འཛུགས་སྐྲུན་བྱ་རྒྱུའི་གྲོས་གཞི་ཁག་ལ་བལ་ཡུལ་གཞུང་གིས་མོས་མཐུན་བྱས་མེད་ཅིང་། རྒྱ་ནག་གི་སློབ་ཆེན་ཁག་གི་སློབ་དཔོན་ཚོས་བལ་ཡུལ་ལ་རྒྱལ་སྲུང་སློབ་ཆེན་ཞིག་གསར་འཛུགས་བྱ་རྒྱུ་དེར་བལ་ཡུལ་གཞུང་གིས་དགའ་མོས་ཀྱིས་རྒྱབ་སྐྱོར་བྱ་རྒྱུའི་ཚོད་དཔག་བྱས་འདུག བལ་ཡུལ་གཞུང་གིས་ཞིས་ཅིན་ཕིང་ངོ་ཚ་ཁ་སྐྱེངས་སུ་མི་འགྱུར་བའི་ཆེད་དུ་ཕྱོགས་གཉིས་ཀྱིས་ཉེས་དོན་ཁྲིམས་ལུགས་ཐོག་ཏུ་ཕན་ཚུན་རོགས་སྐྱོར་བྱ་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། གྲོས་མཐུན་འདིའི་ཁོངས་སུ་ཆབ་སྲིད་མ་ཡིན་པའི་ཉེས་དོན་ཁག་ཚུད་ཀྱང་རྒྱ་ནག་གི་རེ་ལྟོས་ལྟར་སྐྱེ་བོ་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་ལ་བལ་ཡུལ་གཞུང་གིས་མིང་རྟགས་བཀོད་མེད་པས་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ས་ཐོག་ཏུ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་མཁན་མེད་པར་གཏོང་རྒྱུ་དང་། བལ་ཡུལ་གྱི་དམག་དོན་མི་སྣ་དང་བདེ་འཇགས་ཉེན་རྟོག་པ་སྐྱེད་སྲིང་གི་ལམ་ལུགས་རྒྱ་ནག་གི་ལམ་ལུགས་ལ་བསྒྱུར་རྒྱུ། བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ཁང་རྒྱ་ནག་གིས་འཛུགས་སྐྲུན་བྱས་ནས་བལ་ཡུལ་གྱི་གྲོས་ཚོགས་ཁྲིམས་བཟོ་བ་ཚོར་རྟག་ཏུ་དྲན་སྐུལ་ཐེབས་ཐུབ་པའི་དམིགས་ཡུལ་ཁག་གྲུབ་མེད་པ་རེད།

བལ་ཡུལ་གྱི་སྲིད་དོན་ཉམས་ཞིབ་པ་ཚོས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོས་རྒྱ་ནག་ལ་ངོ་རྒོལ་དང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་རྒྱུ་མཚམས་ཆད་མི་སྲིད། དེ་བཞིན་རྒྱ་ནག་གཞུང་གིས་ཀྱང་བལ་ཡུལ་ལ་བོད་པ་བཙན་བྱོལ་བ་ཚོར་གནོན་སྡོམ་བྱ་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་མཚམས་ཆད་མི་སྲིད། བལ་ཡུལ་གྱི་ས་ཐོག་ཏུ་གནས་འཁོད་བོད་པ་བཙན་བྱོལ་བའི་གནས་སྟངས་ལ་ཁ་གསལ་མེད་པ་དེར་འགྱུར་བ་ཐེབས་མི་འདུག ཞིས་ཅིན་ཕིང་གི་འཚམས་འདྲིའི་སྐབས་སུ་བལ་ཡུལ་གྱི་སྲིད་བློན་ཤཱར་མ་ཨོ་ལིས་རང་གི་ས་ཐོག་ཏུ་བོད་པ་བཙན་བྱོལ་བ་ཚོར་རྒྱ་ནག་ལ་ངོ་རྒོལ་བྱེད་དུ་འཇུག་རྒྱུ་མིན་ཞེས་བལ་ཡུལ་གྱི་ཁས་ལེན་དམ་བཅའ་རྣམས་བསྐྱར་ཟློས་བྱས་འདུག ༢༠༡༦་ནས་ཨ་མི་རི་ཀས་གཞུང་འབྲེལ་མ་ཡིན་པར་བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་ཆིངས་ཡིག་ཅིག་བཞག་ན་དེ་ལ་མཇུག་འབྲས་ཚབས་ཆེན་ཞིག་འབྱུང་ངེས་ཡིན་ཞེས་ཉེན་བརྡ་གཏོང་རྒྱུ་འགོ་ཚུགས། ད་ཐེངས་ཀྱང་ཨ་རིའི་གཞུང་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་བལ་ཡུལ་གྱི་འགོ་ཁྲིད་ཚོར་རྒྱ་ནག་ལ་སྐྱེ་བོ་རྩིས་སྤྲོད་ཀྱི་ཆིངས་ཡིག་འཇོག་མི་ཆོག་ཅེས་གནོན་ཤུགས་ཆེན་པོ་སྤྲད་མོད། འོན་ཀྱང་བལ་ཡུལ་དང་རྒྱ་ནག་གཉིས་ཀྱིས་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་འཇོག་རྒྱུ་ཕྱིར་འཐེན་བྱས་པ་དང་བལ་ཡུལ་ལ་རྒྱལ་སྲུང་སློབ་ཆེན་གསར་པ་དང་གྲོས་ཚོགས་ཁང་གསར་པ། ས་མཚམས་ཁག་ཏུ་རྒྱ་ལམ་འཛུགས་སྐྲུན་བྱ་རྒྱུ་བཅས་ལ་བལ་ཡུལ་གཞུང་གིས་མོས་མཐུན་མ་བྱས་པ་ནི་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་དང་གཞུང་འབྲེལ་མི་སྣ་ཟུར་པ། ལྷག་པར་དུ་བལ་ཡུལ་སྲིད་བློན་ཟུར་པ་བྷ་ཏ་ར་ཡེ་སོགས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཆིངས་ཡིག་སོགས་འཇོག་རྒྱུ་ཕྱིར་འཐེན་བྱས་པ་རེད་ཅེས་གསར་འགྱུར་སྤེལ་འདུག

XS
SM
MD
LG