ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྨན་པ་ལིས་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་འདུག་ཅེས་བསྒྲཊ་ནས་ལོ་༢་འཁོར།


༄༅།། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གྱི་མིག་དཔྱད་རིག་པའི་སྨན་པ་ལི་ཝེན་ལེང་གིས་གྲོང་ཁྱེར་དེར་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་འདུག་ཅེས་ཕྱིར་བསྒྲགས་བྱས་ནས་ལོ་གཉིས་འཁོར་ཡོད་ཅིང་། ཁ་སང་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་དྲྭ་དམངས་སྟོང་ཕྲག་མང་པོས་སྤྱི་ཚོགས་དྲྭ་ལམ་དང་སྨན་པ་འདས་པོ་ལི་ཝེན་ལེང་གི་སྒེར་གྱི་དྲྭ་ངོས་སུ་མཆོད་མེའི་པར་བརྙན་བཞག་པ་དང་རྗེས་དྲན་གྱི་སྨོན་ཚིག་བྲིས་ནས་རྗེས་དྲན་ཚུགས། ༢༠༡༩་ལོའི་ཕྱི་ཟླ་༡༢་པའི་ཚེས་༣༠་ཉིན་སྨན་པ་ལི་ཝེན་ལེང་གིས་ཝུ་ཧན་གྲོང་ཁྱེར་ལ་གློ་ཚད་འདྲ་བའི་ངོ་ཐག་མི་ཆོད་པའི་འགོས་ནད་ཚབས་ཆེན་ཞིག་ཁྱབ་ཀྱི་འདུག་ཅེས་གྲོགས་པོ་དང་ངོ་ཤེས། ཆེད་ལས་པ་ཁག་ཅིག་ལ་སྐད་འཕྲིན་བརྒྱུད་ནས་ཕྱིར་བསྒྲགས་བྱུང་། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དྲྭ་དམངས་ཚོས་སྨན་པ་ལི་ཝེན་ལེང་ལ་ཕྱི་ལོ་གསར་པའི་རྟེན་འབྲེལ་ཞུ། ང་ཚོས་གཏན་དུ་སྐུ་ཉིད་སེམས་ལ་འཛིན་རྒྱུ་ཡིན་ཟེར་བ་དང་སྨན་པ་ལི། དེ་རིང་ང་ལ་སྨན་ཁབ་གཉིས་པ་དེ་བརྒྱབ་པ་ཡིན། ན་ཟུག་ཅུང་ཙམ་ལྡང་སོང་། ངས་སྐུ་ཉིད་དྲན་གྱི་འདུག་ཅེས་བྲིས། མི་གཞན་ཞིག་གིས་སྐུ་ཉིད་ཀྱིས་བལྟས་ན་ཏོག་དབྱིབས་ནད་དུག་འདི་དུས་ནམ་ཞིག་འཇོམས་ཀྱི་རེད། ངས་ཁ་རས་རྒྱག་མི་དགོས་པའི་དུས་སྐབས་དེ་དྲན་གྱི་འདུག་ཅེས་བྲིས། མི་གཞན་ཞིག་གིས་ང་སླར་ཡང་ངུས་པ་ཡིན། ཡུན་རིང་མི་འགོར་པར་ཕྱི་ཟླ་༢་པའི་ཚེས་༧་སླེབས་རྒྱུ་རེད། ངས་ད་དུང་ཡང་སྐུ་ཉིད་དྲན་གྱི་འདུག་ཟེར། མི་གཅིག་གིས་སྨན་པ་ལི། ངས་སྐུ་ཉིད་བརྗེད་རྒྱུ་རེད་བསམས་ནས་སྐྲག་གི་འདུག་ཟེར། མི་གཞན་ཞིག་གིས་སླར་ཡང་ལོ་གཅིག་ཕྱིན་སོང་། ཕྱིར་སྒྲོགས་པ་སྐུ་ཉིད་ལ་བཅངས་པའི་གུས་བརྩི་ལ་འགྱུར་བ་མེད་ཅེས་བྲིས། ཡང་མི་གཞན་ཞིག་གིས་ལི་ཝེན་ལེང་། སྐུ་ཉིད་ཀྱི་འཆི་བ་ནི་རི་བོ་ཐེ་ཧྲན་ལས་ཀྱང་གཟི་བརྗིད་ཆེ་ཞེས་རྗེས་དྲན་གྱི་འཕྲིན་ཐུང་སྣ་ཚོགས་ཤིག་སྤེལ་འདུག

ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་སེམས་ཁམས་འཕྲོད་བསྟེན་གྱི་ཆེད་ལས་མཁས་པ་ཚོར་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་བརྡ་འཕྲིན་ཉམས་ཞིབ་པ་ཧྥང་ཁེ་ཁྲེང་གིས་སྨན་པ་ལི་ཝེན་ལེང་གི་ཝེ་པོ་དྲྭ་ཚིགས་ནི་རྒྱ་ནག་གི་ན་གཞོན་ཚོའི་དྲྭ་ལམ་དུ་སེམས་སྡུག་བརྗོད་ས་དང་དྲྭ་ཚིགས་དེར་སེམས་གཏམ་བྲིས་ནས་སྡུག་བསྔལ་སངས་ཐབས་བྱ་ཡུལ་ཞིག་ཏུ་གྱུར་འདུག ད་ལྟའི་རྒྱ་ནག་གི་དམ་དྲག་ཆེ་བའི་སྤྱི་ཚོགས་སུ་སོ་སོའི་མིང་དང་གདོང་པ་དངོས་སུ་མ་བསྟན་པར་དྲྭ་ལམ་དུ་སེམས་གཏམ་བཤད་ས་ཞིག་དགོས་ངེས་སུ་གྱུར་འདུག་ཅེས་བསྟན། རྒྱ་ནག་གི་སྤྱི་ཚོགས་སུ་སེམས་ཁམས་ཀྱི་འཕྲོད་བསྟེན་ལ་གླེང་སློང་བྱ་རྒྱུ་ངོ་ཚ་ཞིག་ཏུ་རྩི་བཞིན་ཡོད་པས་སྐྱེ་བོ་མང་པོ་ཞིག་གིས་དེ་ལ་འཛེམ་ཟོན་བྱས་ནས་སེམས་ངལ་ཁོག་ཏུ་བསྡུས་ཏེ་ནད་མནར་གྱི་དཀའ་སྡུག་མྱོང་གི་ཡོད་པ་སྟེ། ཧྲང་ཧེ་སློབ་གྲྭ་ཆེན་མོས་ཞིབ་འཇུག་བྱས་པའི་གྲུབ་འབྲས་སུ་སྤྱི་ཡོངས་ཀྱི་ཆ་ནས་རྒྱ་ནག་མི་མང་གསུམ་ཆའི་གཅིག་ལ་གཉིད་ཁུག་མི་ཐུབ་པ་དང་ཡིད་གདུང་། དངངས་འཚབ་སོགས་སེམས་ཁམས་ཀྱི་འཕྲོད་བསྟེན་མེད་པའི་སེམས་ངལ་མྱོང་འདུག་ཅེས་བཀོད། ཨམ་སི་ཊེ་ཌམ་སློབ་གྲྭ་ཆེན་མོའི་བཅོས་སྒྲིག་རྣམ་དཔྱད་རིག་པའི་སློབ་དཔོན་ཧྭང་ཀྲི་ཧྲེང་གིས་བཤད་པ་ལྟར་ན། མི་ཁག་ཅིག་གིས་རྒྱ་ནག་གི་སྲོལ་རྒྱུན་ལྟར་སེམས་ཀྱི་སྡུག་བསྔལ་རྣམས་ཡི་གེར་བྲིས་ནས་དམ་ཕྲུག་བརྒྱབ། དེ་ནས་ཡི་གེ་དེ་ཤིང་སྡོང་གི་ཁོག་ལ་འཇུག་སྲོལ་ཡོད་པ་རེད། སེམས་ཀྱི་ན་ཟུག་རྣམས་ཕྱི་ལ་སྟོན་ཐབས་ཤིག་རྙེད་ན་མི་དེའི་ཡིད་གདུང་སེལ་ཐུབ་པའི་ཕན་ཐོགས་འབྱུང་། ད་ལྟ་འུ་ཐུག་གི་གནས་སུ་ལྷུང་བའི་རྒྱ་ནག་གི་ན་གཞོན་ཚོའི་སེམས་ཀྱི་སྡུག་བསྔལ་རྣམས་ཕྱི་ལ་སྟོན་ས་དེ་སྤྱི་ཚོགས་དྲྭ་ལམ་རེད། ཁོ་ཚོས་འདས་པོ་རྣམས་ཀྱི་མགོ་པར་བཙལ་ནས་རང་གི་སེམས་སྡུག་རྣམས་བཤད་དགོས་ཐུག་གི་འདུག་ཅེས་བཀྲལ།།


སྨན་པ་ལི་ཝེན་ལེང་ནི་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གྱི་མིག་དཔྱད་རིག་པའི་སྨན་པ་ཞིག་ཡིན་པ་དང་༢༠༢༠་ལོའི་ཕྱི་ཟླ་༢་པའི་ཚེས་༧་ཉིན་ཏོག་དབྱིབས་ནད་དུག་གིས་འདས་གྲོངས་སུ་གྱུར། རྒྱ་གཞུང་གིས་སྨན་པ་ལིས་སྐད་འཕྲིན་ནང་དུ་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་འདུག་ཅེས་ཕྱིར་བསྒྲགས་བྱས་པ་ནག་ཉེས་སུ་བརྩིས་ཏེ་ཉེན་རྟོག་པས་བཀག་ཉར་བྱས་ནས་སུན་གཙེར་ཕོག ཁོང་གིས་སྐད་འཕྲིན་ནང་དུ་ནད་ཡམས་ཤིག་ཁྱབ་ཀྱི་ཡོད་པ་ཕྱིར་བསྒྲགས་བྱས་པ་ཁྲིམས་འགལ་རེད་ཅེས་རང་སྐྱོན་ངོས་ལེན་བྱས་ནས་གློད་གྲོལ་ཐོབ། གལ་སྲིད་སྨན་པ་ལི་ཝེན་ལེང་གིས་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་ཕྱིར་བསྒྲགས་བྱས་མེད་ཚེ། རྒྱ་ནག་གཞུང་གིས་དུས་ཡུན་རིང་པོར་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པ་སྦས་གསང་བྱས་ནས་འཛམ་གླིང་ཡོངས་ལ་དེ་བས་ཀྱང་ཚབས་ཆེའི་ཉེན་ཁ་ཞིག་འབྱུང་དུ་བཅུག་ཡོད་ཤས་ཆེ། དེང་སྐབས་རྒྱ་ནག་ཕྱི་ནང་གཉིས་སུ་སྨན་པ་འདས་པོ་ལི་ཝེན་ལེང་གི་དྲྭ་ཚིགས་ནི་ན་གཞོན་ཚོས་སྐྱིད་སྡུག་ཞུ་ཡུལ་དང་རྩ་ཆེའི་མཆོད་གནས་ལྟ་བུ་ཞིག་ལ་བརྩིས། ཨམ་སི་ཊེ་ཌམ་སློབ་གྲྭ་ཆེན་མོའི་བཅོས་སྒྲིག་རྣམ་དཔྱད་རིག་པའི་སློབ་དཔོན་ཧྭང་ཀྲི་ཧྲེང་གིས་མུ་མཐུད་དུ་བཤད་པ་ལྟར་ན། ༢༠༡༨་དང་༡༩་གཉིས་ལ་བསྡུར་ན་ཏོག་དབྱིབས་ནད་ཡམས་སྐབས་འདིར་རྒྱ་ནག་གི་སྤྱི་ཚོགས་སུ་སེམས་ངལ་མྱོང་བཞིན་པའི་མིའི་གྲངས་འབོར་བརྒྱ་ཆ་༤༠་ལྷག་མང་དུ་ཕྱིན་འདུག རྒྱ་ནག་མི་མང་ཕོན་ཆེན་ཞིག་གིས་སེམས་ངལ་མྱོང་བཞིན་པ་སོ་སོའི་བཟའ་ཟླ་བུ་ཕྲུག་དང་སྙིང་ཉེ་བ་དེ་དག་ལའང་མ་བཤད་པར་དྲྭ་ལམ་དུ་བཤད་ཀྱི་འདུག ང་ཚོས་ཞིབ་ལྟ་བྱས་ན་རྒྱ་ནག་ལ་སེམས་ངལ་གྱི་དཀའ་སྡུག་ཚབས་ཆེན་ཞིག་ཡོད་པ་ཤེས་ཀྱི་འདུག ང་ཚོས་ཅིའི་ཕྱིར་བདེན་པ་བཤད་པའི་མི་དེ་ཚོར་སྣང་མེད་བཏང་བ་རེད། ངས་འདི་ལ་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག ངས་དེ་ཤེས་ཀྱི་མི་འདུག ང་སྒེར་གྱི་བསམ་ཚུལ་དེ་གནད་འགག་ཆེན་པོ་ཞིག་རེད་དམ་ཞེས་རང་གིས་རང་ལ་དོགས་གཅོད་དང་སེམས་ངལ་མྱོང་གི་ཡོད་པ་ཤེས་ཐུབ། ཁོ་ཚོས་མུ་མཐུད་དུ་སྨན་པ་འདས་པོ་ལི་ཝེན་ལེང་ལ་འཕྲིན་ཐུང་བྲིས་ནས་སེམས་ངལ་སངས་ཐབས་བྱེད་ཀྱི་རེད་ཅེས་བཀྲལ།།

༢༠༢༡་གི་ལོ་མཇུག་འདིར་རྒྱ་ནག་ནང་ཁུལ་དུ་སྨན་པ་ལི་ཝེན་ལེང་ལ་རྗེས་དྲན་བྱེད་ཀྱི་ཡོད་པ་གཅིག་པུ་མིན་པར་འཛམ་གླིང་ཡོངས་སུ་སྨན་པ་དང་སྨྲ་བརྗོད་རང་དབང་དོན་གཉེར་བ། ཚན་རིག་པ་དང་འཕྲོད་བསྟེན་ལས་སྣེ་སོགས་ཀྱིས་ཀྱང་སྨན་པ་འདས་པོ་དེར་རྗེས་དྲན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༠༡༦༨༣་བྱུང་བ་དང་མི་༤༦༣༦་ལ་མ་གཏོགས་འཆི་སྐྱོན་བྱུང་མེད་ཟེར་གྱི་ཡོད་མོད། འོན་ཀྱང་རྒྱ་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གྲངས་འབོར་དང་རྒྱ་གཞུང་གིས་བཀོད་པའི་གཞི་གྲངས་ཁག་ལ་ཡིད་རྟོན་རུང་བ་ཞིག་མིན་ཞིང་། རྒྱ་ནག་གཞུང་གིས་རང་ཡུལ་ལ་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུ་ཡིན་ཞེས་སྲིད་ཇུས་ཤིག་བཟུང་། འོན་ཀྱང་༢༠༢༡་ལོའི་མཐའ་མཇུག་གི་ཉིན་མོ་འདིར་ཡང་རྒྱ་ནག་གི་ཞི་ཨན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཇེ་མང་དུ་སོང་། ལྷོ་ཀོ་རི་ཡའི་སེམ་སང་གློག་ཆས་བཟོ་ཚོང་ཁང་གིས་ཞི་ཨན་གྲོང་ཁྱེར་དུ་ཨ་སྒོར་ཐེར་འབུམ་༡༠་མ་རྩ་བཙུགས་ནས་རྒྱ་ནག་གི་བཟོ་པ་༣༣༠༠་ལྷག་གླས། ཁོ་ཚོར་གློག་ཆས་ཀྱི་ལྷུ་ལག་རྣམས་བཟོ་སྐྲུན་བྱེད་དུ་འཇུག་གི་ཡོད་ཀྱང་ཞི་ཨན་གྲོང་ཁྱེར་གྱི་བཟོ་གྲྭ་ཁག་གིས་ལས་མཚམས་བཞག དེ་བཞིན་ཞི་ཨན་གྲོང་ཁྱེར་དུ་ཨ་མི་རི་ཀའི་གློག་ཆས་བཟོ་གྲྭ་བཙུགས་ཡོད་པ་དེ་དག་གིས་ཀྱང་ཐོན་སྐྱེད་རྣམས་དུས་ཐོག་ཏུ་བཟོ་སྐྲུན་བྱེད་ཐུབ་ཀྱི་མེད་དཀའ་ངལ་གཅིག་མཚུངས་ཕྲད། ཟླ་བ་འདིར་ཞི་ཨན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༡༡༧་ཐོན་པ་དང་མི་གྲངས་ས་ཡ་༡༣་རང་ཁྱིམ་དུ་བཀག་ནས་སྒོ་རྒྱ་བསྡམས། ཞི་ཨན་གྲོང་ཁྱེར་གཞུང་གིས་དམ་དྲག་སྔར་ལས་ཤུགས་ཆེ་རུ་བཏང་སྟེ་ལྷོ་ཀོ་རི་ཡ་དང་ཨ་རི་སོགས་ཀྱི་བཟོ་ཚོང་ལས་ཁང་གི་ཚོང་ལས་ལ་གྱང་གུད་ཆེན་པོ་འཕོག་གི་ཡོད་པའི་གནས་ཚུལ་ཐོན་འདུག

འདི་ཙམ་ན་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་དང་མི་མང་སྒེར་གྱིས་སྐད་འཕྲིན་ནང་དུ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་རྒྱ་ནག་གི་ཀོང་ཤི་ཞིང་ཆེན་གྱི་ཅང་ཤི་གྲོང་ཁྱེར་དུ་མི་བཞི་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ནད་གོས་དཀར་པོ་གཡོགས། ཁོ་ཚོའི་མདུན་བརྒྱབ་གཉིས་སུ་མི་དེའི་པར་སྦྱར་ཏེ་མིང་བྲིས། རྒྱ་གཞུང་གིས་ཉེན་རྟོག་པ་གཉིས་ཀྱིས་མི་དེ་བར་དུ་བླངས་ཏེ་གཡས་གཡོན་ནས་འཇུས་ཏེ་ཁྲོམ་སྐོར་ལ་ཁྲིད། ཁོ་ཚོ་མེ་མདའ་ཐོགས་པའི་ཉེན་རྟོག་པ་ཚོས་མཐར་སྐོར་ནས་རིག་གནས་གསར་བརྗེའི་དུས་སྐབས་ཀྱི་འཐབ་རྩོད་ལྟ་བུའི་ལས་འགུལ་ཞིག་ལངས། ཀོང་ཤི་ཞིང་ཆེན་གྱི་མི་དེ་དག་གིས་ཝྭི་ཏེ་ནམ་ནས་ཁྲིམས་འགལ་ཐོག་ཏུ་རྒྱ་ནག་ལ་མི་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུའི་ཁྲིམས་ལ་འགལ་འཛོལ་བྱུང་སོང་ཞེས་ནག་ཉེས་བཙུགས། ཝྭི་ཏེ་ནམ་གྱི་མི་གཅིག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་རྟགས་ཐོན་ཏེ་ས་གནས་དེའི་སློབ་གྲྭ་ཁག་སྒོ་བརྒྱབ། ཡུལ་མི་༥༠༠༠༠་ཙམ་ཡོད་པའི་ས་གནས་དེར་སྒོ་རྒྱ་བསྡམས་པ་དང་མི་ཁྲི་ཚོ་༡་ལྷག་ལ་བརྟག་དཔྱད་བྱས་འདུག ཀོང་ཤི་ཞིང་ཆེན་གྱི་ཅང་ཤི་གྲོང་ཁྱེར་དང་ཝྭི་ཏེ་ནམ་གཉིས་སྤྱི་ལེ་༡༥༢་ཀྱི་ས་མཚམས་འདྲེས་ཡིན་པ་དང་ཟླ་བ་སྔོན་མར་རྒྱ་ནག་གི་ཡུན་ནན་ཞིང་ཆེན་ལའང་ཕྱི་ལོགས་ནས་ཏོག་དབྱིབས་ནད་དུག་ཁྱབ་སྟེ་སྒོ་རྒྱ་བསྡམས་དགོས་བྱུང་ཞིང་། དེ་རིང་ཕྱི་ཟླ་༡༢་པའི་ཚེས་༣༡་ཉིན་བྷུ་ལུ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ཟླ་༢་པའི་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་ཆེད་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཀག་སྡོམ་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་བཏང་སྟེ་ཞི་ཨན་གྲོང་ཁྱེར་གྱི་མི་མང་ཁག་ཅིག་ལ་བཟའ་བཏུང་ཆད། གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་མི་མང་གི་གད་སྙིགས་གཡུགས་ཡོད་པ་རྣམས་བསྡུ་མ་ཐུབ་པར་ལུས་ཡོད་པའི་པར་བརྙན་སོགས་དྲྭ་ལམ་དུ་བཀྲམ་འདུག

XS
SM
MD
LG