ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་ནག་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཇེ་མང་། 


༄༅།། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མ་ལུས་པར་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་བཟུང་། ཁ་སང་གཟའ་ཉི་མ་གཅིག་པུར་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༥༨་བྱུང་། འདི་ནི་ལོ་འདིའི་ཕྱི་ཟླ་དང་པོ་ནས་རྒྱ་ནག་གི་ས་གནས་ཁག་ཏུ་བྱུང་མྱོང་མེད་པའི་ཉིན་རེའི་ནད་པའི་གྲངས་འབོར་མཐོ་ཤོས་སུ་གྱུར། བྷུ་ལུན་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་རྒྱ་ནག་གི་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཞི་ཨན་གྲོང་ཁྱེར་ནི་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་ས་གཙོ་བོ་དེར་གྱུར། རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གིས་ནད་པ་གསར་པ་༡༥༧་ཧྲན་ཤི་ཞིང་ཆེན་གཅིག་པུའི་ནང་དུ་ཐོན་སོང་། ནད་པ་གཅིག་ཀོང་ཤི་ཞིང་ཆེན་ནང་དུ་མི་ཞིག་ལ་ནད་རྟགས་མ་ཐོན་པར་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ངེས་གཏན་བྱུང་སོང་། འདས་པའི་ཟླ་བ་༡༡་གི་རིང་དུ་རྒྱ་ནག་ནང་ཁུལ་ནས་ཏོག་དབྱིབས་ནད་དུག་འགོས་ཁྱབ་བྱུང་བའི་གྲངས་འབོར་མང་ཤོས་སུ་གྱུར་སོང་ཞེས་བསྒྲགས། རྒྱ་ནག་གཞུང་གིས་ཞི་ཨན་གྲོང་ཁྱེར་གྱི་མི་འབོར་ས་ཡ་༡༣་བཙོན་པ་ལྟར་རང་ཁྱིམ་དུ་བཅུག་ནས་བདུན་ཕྲག་གཉིས་པ་དེ་འགྲོ་བཞིན་ཡོད་ཅིང་། ཞི་ཨན་གྲོང་ཁྱེར་གྱི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་༢༦་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་དོན་འཐུས་ཤོར་བཏང་བའི་ནག་ཉེས་བཙུགས་ཏེ་གནས་དབྱུང་བཏང་འདུག འོན་ཀྱང་གྲོང་ཁྱེར་དེར་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་འགོག་དཀའ་བ་ཞིག་ཏུ་གྱུར། ལོ་རྗེས་མའི་ཕྱི་ཟླ་༢་པར་པེ་ཅིང་ལ་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཀྱི་ཡོད་པས་རྒྱ་ནག་གཞུང་གིས་ས་གནས་གང་དུ་ཏོག་དབྱིབས་ནད་དུག་ཁྱབ་ན་ས་གནས་དེར་སྒོ་རྒྱ་བསྡམས་ནས་འགྲོ་འོང་བཀག་སྡོམ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་བཀོད་ཁྱབ་བཏང་འདུག

ཞི་ཨན་གྲོང་ཁྱེར་གྱི་འཕྲལ་སེལ་ནད་དུག་བརྟག་དཔྱད་ས་ཚིགས་ཤིག
ཞི་ཨན་གྲོང་ཁྱེར་གྱི་འཕྲལ་སེལ་ནད་དུག་བརྟག་དཔྱད་ས་ཚིགས་ཤིག

ད་ལོའི་ཕྱི་ཟླ་༡༡་པའི་ཟླ་མཇུག་ནས་འཛམ་གླིང་ཡོངས་ལ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཅིག་ཁྱབ་ཀྱི་ཡོད་པར་གདོང་ལེན་དང་ནད་དུག་གསར་པ་འདིའི་མཇུག་འབྲས་ལ་བསམ་ཞིབ་བྱེད་དགོས་པ་ཞིག་ཏུ་གྱུར། རྒྱ་ནག་གིས་སྔར་བཞིན་འགྲོ་འོང་བཀག་སྡོམ་དང་མི་རྣམས་རང་ཁྱིམ་དུ་བཅུག་ནས་ཕྱི་ལ་འབུད་དུ་མི་འཇུག་པ། ས་མཚམས་བཀག་སྟེ་ཕྱི་རྒྱལ་གྱི་འགྲུལ་པ་རྣམས་རྒྱ་ནག་ལ་ཡོང་དུ་མི་འཇུག་པ་དང་རྒྱ་ནག་མི་དམངས་རྣམས་ཕྱི་ལ་མི་གཏོང་བ། མི་གྲངས་ས་ཡ་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་དང་ཟུར་འགོག་སོགས་རྒྱུན་འཁྱོངས་དཀའ་བའི་ཐབས་ཇུས་འབའ་ཞིག་བསྟེན། ལོ་འདིའི་ཕྱི་ཟླ་༡༠་པའི་ཟླ་དཀྱིལ་ནས་རྒྱ་ནག་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་འབྱུང་རྒྱུ་མཚམས་མ་ཆད། ཁ་སང་གཟའ་ཉི་མར་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་འགའ་ཞིག་གི་ནང་དུ་རྒྱ་ནག་གི་ཞི་ཨན་གྲོང་ཁྱེར་གཅིག་པུར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༥༠༠་ལྷག་བྱུང་། ཞི་ཨན་གྲོང་ཁྱེར་གྱི་གཞུང་འབྲེལ་མི་སྣ་ཧེ་ཝེན་ཆོན་ཞེས་པ་ཞིག་གིས་སྐབས་ཤིག་གི་རིང་དུ་གྲོང་ཁྱེར་དེའི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་འཐོན་རྒྱུ་མཚམས་ཆད་རྒྱུའི་རྟགས་མཚན་མི་འདུག ནད་རྟགས་མ་ཐོན་པ་ཚོས་འཕྲལ་དུ་བརྟག་དཔྱད་ཐེངས་གསུམ་བྱ་དགོས། ང་ཚོས་བརྟག་དཔྱད་ལན་མང་བྱས་ནས་ནད་རྟགས་མ་ཐོན་ཡང་ནད་དུག་འགོས་ཟིན་ཡོད་པ་རྣམས་སྔ་ཙམ་ངེས་གཏན་འབྱུང་ཐབས་བྱ་རྒྱུ་ཡིན། ནད་པ་མང་བ་འཐོན་སའི་ས་གནས་ཁག་ལ་སྒོ་རྒྱ་བསྡམ་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་དགོས་ཞེས་བཤད། ཞི་ཨན་གྲོང་ཁྱེར་གྱི་གྲོང་རྡལ་ཁག་གི་ཡུལ་མི་རྣམས་ས་གནས་སོ་སོའི་འབྲེལ་ཡོད་ལས་སྣེ་ཚོའི་ཆོག་མཆན་མེད་པར་ས་གནས་གཞན་ལ་འགྲོ་སྐྱོད་བྱེད་མི་ཆོག་ཅེས་བཀའ་ཕབ། ཞི་ཨན་གྲོང་ཁྱེར་གྱི་རྒྱ་ལམ་དང་ཁང་ཆེན་ཁག ཐ་ན་གྲོང་ཁྱེར་གྱི་སྲང་ལམ་ཁག་གི་བར་སྣང་ལའང་དུག་སེལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༢་པའི་ཚེས་༢༦་གི་ཕྱི་དྲོར་ཞི་ཨན་གྲོང་ཁྱེར་གཞུང་གིས་མི་མང་ལ་དགོང་མོའི་ཆུ་ཚོད་༦་པ་ནས་གྲོང་ཁྱེར་ཧྲིལ་པོར་ནད་དུག་སྔོན་འགོག་གི་དུག་སེལ་གཙང་སྦྲ་བྱ་རྒྱུ་ཡིན། མང་ཚོགས་ཀྱིས་འཕྲལ་དུ་རང་གི་བདེ་ཐང་དང་ཚེ་སྲོག་ལ་སྲུང་སྐྱོབ་བྱོས། སྒོ་དང་སྒེའུ་ཁུང་བརྒྱབ་སྟེ་ཁྱམས་ར་དང་ཕྱི་ལོགས་ཀྱི་ཅ་ལག་རྣམས་ཁྱིམ་དུ་སྡུས་ཞེས་ཁྱབ་བསྒྲགས་བྱས་ནས་གྲོང་ཁྱེར་ཡོངས་སུ་དུག་རླངས་ཁྱབ། དེ་རིང་གཟའ་ཟླ་བ་ནས་ཞི་ཨན་གྱོང་ཁྱེར་གཞུང་གིས་མི་དམངས་ཡོད་དོ་ཅོག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་ཐེངས་བཞི་པ་འགོ་ཚུགས། ཁས་ཉིན་གཟའ་སྤེན་པའི་ཞི་ཨན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༥༥་ཐོན། རྒྱ་ནག་གི་འཕྲོད་བསྟེན་ལས་སྣེ་ཚོས་ཞི་ཨན་གྲོང་ཁྱེར་ལ་པ་ཀི་སི་ཐན་ནས་ཡོང་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་གི་འགྲུལ་པ་བརྒྱུད་ནས་ཏོག་དབྱིབས་ནད་དུག་འགོས་ཁྱབ་བྱུང་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་མོད། འོན་ཀྱང་ད་སྔ་རྒྱ་ནག་གི་འཕྲོད་བསྟེན་ལས་སྣེ་ཚོས་ཞི་ཨན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་འབྱུང་རྩ་པ་ཀི་སི་ཐན་ནས་ཡོང་བའི་འགྲུལ་སྐྱེལ་གནམ་གྲུ་དེ་ཡིན་པའི་དཔང་རྟགས་གསལ་པོ་ཞིག་མ་རྙེད། རྒྱ་ནག་གཞུང་ལ་རང་ཡུལ་དུ་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དེ་ཕྱིའི་རྒྱལ་ཁབ་ཁག་ནས་བྱུང་བ་དང་ཕྱི་རྒྱལ་གྱི་འགྲུལ་པ་ཚོ་བརྒྱུད་ནས་འགོས་པ་རེད་ཅེས་ལན་ཁག་དཀྲི་རྒྱུའི་ལམ་སྲོལ་ཞིག་དར། ཞི་ཨན་གྲོང་ཁྱེར་གཞུང་གིས་ཉི་མ་གཉིས་རེའི་མཚམས་སུ་ཁྱིམ་ཚང་རེའི་མི་རེ་བཟའ་ཆས་ཉོ་རུ་ཕྱི་ལ་འབུད་ཆོག་པ་དང་བཟའ་ཆས་དང་སྨན། ཉིན་རེའི་འཚོ་བའི་ཉེར་མཁོ་རྣམས་ཚོང་འགྲེམ་དང་སྐྱེལ་འདྲེན་བྱེད་མཁན་རྣམས་ས་གནས་ཁག་གི་གཞུང་འབྲེལ་མི་སྣ་ཚོས་བཀོད་སྒྲིག་བྱེད་ཡོད་པ་རྣམས་འབའ་ཞིག་ཡིན་ཞིང་། གྲོང་ཁྱེར་ཡོང་ལ་སྒོ་རྒྱ་བསྡམས་ཡོད་པའི་དུས་སུ་བཟའ་ཆས་སོགས་ཀྱི་རིན་གོང་སྤར་ནས་ཚོང་ལོག་རྒྱག་མི་ཆོག་ཟེར་གྱི་ཡོད་ཀྱང་དོན་དངོས་སུ་རྒྱ་ནག་གི་ཁྲིམས་འགལ་ཚོང་ལག་འགོག་ཐུབ་རྒྱུ་ཡིན་མིན་ཤེས་དཀའ།།

ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་བཀོད་པ་ལྟར་ན། ཞི་ཨན་གྲོང་ཁྱེར་གཞུང་གིས་སྒོ་རྒྱ་བསྡམས་པའི་རིང་དེར་ས་གནས་ཁག་གི་ཚོགས་པ་ཚོས་འགན་ཁུར་ནས་རྒན་རྒོན་དང་དབང་པོ་སྐྱོན་ཅན། ནད་པ་སོགས་ཀྱི་ཉིན་རེའི་འཚོ་བའི་ཉེར་མཁོ་རྣམས་ཆད་དུ་འཇུག་མི་ཉན་ཟེར། ད་ལྟའི་འགྲོ་འོང་བཀག་སྡོམ་གྱི་དུས་སུ་སློབ་ཕྲུག་༡༣༠༠༠་ལྷག་རྒྱལ་ཡོངས་ཞིབ་འཇུག་སློབ་མའི་རྒྱུགས་སྤྲོད་ཆེན་མོར་ཞུགས་དགོས་པས་གཟའ་སྤེན་པའི་ཉིན་ཞི་ཨན་གྲོང་ཁྱེར་གཞུང་གིས་གླ་འཁོར་བཏང་ནས་སློབ་ཕྲུག་ཁག་ཅིག་བླངས། སློབ་ཕྲུག་གཞན་ཚོས་༤༨་ཀྱི་སྔོན་དེར་བརྟག་དཔྱད་བྱས་ནས་ནད་རྟགས་ཐོན་མེད་པའི་དཔང་ཡིག་གཉིས་བསྟན་ཏེ་རྒྱུགས་སྤྲོད་ལ་ཞུགས། ཏོག་དབྱིབས་ནད་དུག་འགོས་པའི་སློབ་ཕྲུག་རྒྱུགས་སྤྲོད་ལ་ཞུགས་དགོས་པ་ཚོར་ཟུར་དུ་བརྟག་དཔྱད་བྱ་ཡུལ་བཀོག་སྒྲིག་བྱས་ཤིང་། ཏོག་དབྱིབས་ནད་དུག་ཉམས་ཞིབ་མཁས་པ་དང་རྒྱ་ནག་གི་ཐེན་ཅིན་སློབ་གྲྭ་ཆེན་མོའི་རྩྭ་སྨན་སློབ་གླིང་གི་གཙོ་འཛིན་ཀྲང་པོ་ལིས་ཟླ་བ་གཅིག་གི་ནང་ཚུལ་དུ་ཞི་ཨན་གྲོང་ཁྱེར་ལ་ཁྱབ་གདལ་འགྲོ་བཞིན་པའི་ནད་དུག་བཀག་སྡོམ་ཐུབ་ངེས་རེད། ང་ཚོས་ནད་དུག་འདིར་སྔར་ལས་ལྷག་པའི་དོགས་ཟོན་དང་སྔོན་འགོག་བྱ་དགོས། ཕྱི་ཟླ་དང་པོའི་ཟླ་དཀྱིལ་ཡས་མས་སུ་ནད་དུག་འགོས་པའི་ནད་པ་གསར་པ་ཇེ་ཉུང་དུ་རྒྱུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་བཀྲལ། རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པ་མཱི་ཧྥེང་གིས་ལོ་འདིའི་དགུན་ཁ་ནས་ལོ་རྗེས་མའི་དཔྱིད་ཀའི་བར་དུ་སྒོ་རྒྱ་བསྡམ་རྒྱུ་དང་ཕྱི་ནང་གི་འགྲིམ་འགྲུལ་བཀག་སྡོམ། ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ས་གནས་ཁག་གི་མི་མང་རྣམས་ཁྱིམ་དུ་འགོག་དགོས་པའི་ཐབས་ཇུས་རྣམས་རྒྱུན་འཁྱོངས་བྱ་ཡིན་ཞེས་བཤད།།

བདུན་ཕྲག་སྔོན་མའི་གཟའ་པ་སངས་ནས་ཡུན་ནན་ཞིང་ཆེན་གཞུང་གིས་རྒྱལ་ནང་གི་འགྲུལ་པ་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བསུ་ལེན་བྱ་རྒྱུ་མཚམས་འཇོག་བྱ་དགོས། ཡུན་ནན་ཞིང་ཆེན་གྱི་མི་མང་རྣམས་ཞིང་ཆེན་གཞན་ལ་འགྲིམ་འགྲུལ་བྱེད་མི་ཆོག་ཅེས་བཀག དེའི་རྒྱུ་མཚན་ནི་གཟའ་པ་སངས་ཉིན་ཁུན་མིང་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་བཞི་ཐོན་པ་ངེས་གཏན་བྱུང་བའི་སྟབས་ཀྱི་ཡིན་འདུག ད་ལྟ་ཞི་ཨན་གྲོང་ཁྱེར་ལ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་ནི་ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་དང་དེའི་གཞུག་ཏུ་རྒྱ་གར་དང་དབྱིན་ཡུལ་སོགས་ལ་ཁྱབ་པའི་ཌལ་ཊ་ཞེས་འབོད་པའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་གི་རིགས་ཡིན་ཞིང་། ད་དུང་ཞི་ཨན་གྲོང་ཁྱེར་ལ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་མེད་ཀྱང་རྒྱ་ནག་ལྷོ་ཕྱོགས་སུ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་ཟིན་ཡོད་པའི་གནས་ཚུལ་ཐོན། ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ནི་འགོ་སླ་དང་ཁྱབ་མྱུར་བ་ཞིག་ཡིན་རུང་འགོག་ཁྱབ་བརྒྱབ་ཟིན་པའི་ནད་པ་ཚོར་གནོད་པ་ཚབས་ཆེན་དང་སྨན་ཁང་ལ་འཁྱེར་དགོས་པ། སྲོག་སྐྱོན་འབྱུང་གི་ཡོད་པའི་གྲངས་འབོར་ཤིན་ཏུ་ཉུང་། འཛམ་གླིང་ཡོངས་སུ་སྔར་བཞིན་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་དང་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་གཉིས་ཉེན་ཚབས་ཆེ། ཝུ་ཧན་གྱི་ཏོག་དབྱིབས་ནད་དུག་དང་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་གཉིས་སྨན་ཁབ་བརྒྱབ་ནས་འགོག་ཐུབ། འོན་ཀྱང་རྒྱ་ནག་གི་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཁག་ལ་ནད་དུག་འགོག་ཐུབ་པའི་ནུས་པ་ཧ་ཅང་ཆུང་བས་ཨོ་མཱི་ཁོ་རོན་ཏོག་དབྱིབས་ནད་རྒྱ་ནག་རྒྱལ་ཡོངས་སུ་ཁྱབ་ཚེ། ཨ་རི་དང་ཡུ་རོབ། རྒྱ་གར་སོགས་ཀྱི་འགོག་ཁབ་ཁག་གིས་ཨོ་མཱི་ཁོ་རོན་དུག་དབྱིབས་ནད་དུག་གང་འཚམ་ཞིག་འགོག་ཐུབ་ཀྱི་ཡོད་པ་ལྟར་རྒྱ་ནག་གི་སྨན་ཁབ་ཁག་གིས་ཨོ་མི་ཁོ་རོན་འགོག་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པའི་གནས་སུ་གྱུར་འདུག

XS
SM
MD
LG