ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ལ་དྭགས་ཀྱི་བུད་མེད་ཚོ་ཡུལ་སྐོར་བ་བསུ་བའི་གནས་མོར་གྱུར།


༄༅།། ལ་དྭགས་ཀྱི་སྐྱེས་པ་རྣམས་ཟླ་བ་མང་པོར་རྒྱ་གར་གྱི་དམག་སྒར་ཁག་དང་ཕྱི་ལོགས་སུ་ལས་ཀར་བསྐྱོད། བུད་མེད་ཚོ་སྲོལ་རྒྱུན་གྱི་ལམ་སྲོལ་ལྟར་ཞིང་ལས་དང་འབྲོག་ལས། ཁྱིམ་ཚང་འཛིན་སྐྱོང་དང་བུ་ཕྲུག་གསོ་སྐྱོང་གི་ཆེད་ལས་ལ་ཞུགས། ཉེ་བའི་ལོ་ཤས་ཤིག་ནས་ལ་དྭགས་ཀྱི་བུད་མེད་ཚོས་རང་ཁྱིམ་དུ་ཡུལ་སྐོར་སྤྲོ་འཆམ་པ་བསུ་ལེན་གྱི་ཚོང་ལས་གཉེར་ནས་སྤྱི་ཚོགས་དང་སྲོལ་རྒྱུན་གྱི་འཚོ་བ། དཔལ་འབྱོར་གྱི་ཡོང་འབབ་བཅས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༡༠་པའི་ཚེས་༢༡་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་དང་བང་ཆེན་ཚགས་པར་སོགས་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་ས་གླེ་ནས་སྤྱི་ལེ་༡༥་ཡས་མས་ཤིག་གི་མཚམས་སུ་ཆགས་པའི་ཕྱི་དབང་གྲོང་ཚོའི་བུད་མེད་ཚོས་ཁྱིམ་ལས་དང་ཞིང་ལས་ཀྱི་ཞོར་དུ་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྣེ་ལེན་གྱི་ཚོང་ལས་གསར་པ་ཞིག་གཉེར་མགོ་བརྩམས། དཔེར་ན་ལོ་ན་༣༦་ལ་སོན་པའི་ཚེ་རིང་སྒྲོལ་དཀར་ཞེས་པའི་ལ་དྭགས་པའི་བུད་མེད་ཅིག་གིས་གསར་འགོད་པར་ངས་ལོ་མང་རིང་ཁྱིམ་ལས་འབའ་ཞིག་གཉེར་ནས་བསྡད་པས་མི་ལ་སྐད་ཆ་ཡང་བཤད་མི་ཤེས་པ་ལྟ་བུ་ཞིག་ཏུ་གྱུར་སོང་། ཡིན་ནའང་ད་ལྟ་ངས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྣེ་ལེན་གྱི་ཚོང་ལས་གཉེར་ནས་མི་ལ་འབྲེལ་བ་བྱ་རྒྱུ་དང་ཧིན་རྡིའི་སྐད་ཡིག་ཡར་རྒྱས་གཏོང་གི་ཡོད། ངའི་ཁྱོ་ག་ནི་རྒྱ་གར་གྱི་དམག་ཁོངས་སུ་ཞུགས་ནས་བེར་ལྕོག་གངས་ཁྲོད་ཀྱི་མཐའ་མཚམས་སུ་ཡོད། ཁོ་པ་ལོ་རེར་ཁྱིམ་དུ་ཟླ་བ་གཉིས་ལའང་སྡོད་ལོང་ཡོད་མེད་ཅིག་རེད་ཅེས་བཤད་བཀྲལ།།

ལ་དྭགས་པའི་བུད་མེད་ཚེ་རིང་སྒྲོལ་དཀར་གཉེན་སྒྲིག་མ་བྱས་གོང་དུ་དྷུར་དྷར་ཤན་གསར་འགྱུར་ལས་ཁང་གི་གཞི་གྲངས་འཇུག་འགོད་པ་ཞིག་ཡིན་རུང་བཟའ་སྒྲིག་བྱས་པའི་རྗེས་སུ་གསར་འགྱུར་ལས་ཁང་གི་གཞི་གྲངས་འཇུག་འགོད་པའི་ལས་ཀ་མཚམས་བཞག་སྟེ་ཁྱིམ་ཚང་སྐྱོང་། ཁོ་མོས་ཞིང་ལས་དང་བུ་ལོ་༧་ཅན་ཞིག་དང་༡༣་ཅན་ཞིག་ཡོད་པ་གཉིས་ལ་ལྟ་སྐྱོང་། ཁྱིམ་ཚང་གི་ཞིང་ལས་ཐོན་སྐྱེད་གྲོ་དང་ཞོ་ཁོག་རྣམས་ཁྲོམ་ལ་བཙོངས་ནས་འཚོ་བར་རོལ། ཁོ་མོས་གསར་འགོད་པར་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྣེ་ལེན་གྱི་ཚོང་ལས་གཉེར་རྒྱུ་ནི་སྟབས་བདེ་དང་ཁེ་སང་ཆེན་པོ་ཡོད་པ་ཞིག་རེད། ད་ལྟ་ང་ཚོར་དངུལ་སྒོར་གྱི་དཀའ་ངལ་ཆེན་པོ་མེད། ངའི་ཁྱོ་གར་གླ་ཕོགས་ཡག་པོ་ཡོད་ཀྱང་ལོ་གཉིས་ཡས་མས་ཤིག་གི་རྗེས་སུ་བགྲེས་ཡོལ་བྱ་རྒྱུ་དང་བུ་གཉིས་ཀྱི་སློབ་ཡོན་འཕར་རྒྱུ་ཡིན་པ་ཉག་ཅིག་རེད། དེས་ན་ཡུལ་སྐོར་སྤྲོ་འཆམ་པར་སྣེ་ལེན་བྱས་ནས་འགྲོ་གྲོན་འདུ་འགོད་བྱེད་དགོས་ཀྱི་འདུག་ཅེས་གླེང་མོལ་བྱས་འདུག ཚེ་རིང་སྒྲོལ་དཀར་གྱི་ཁྱིམ་ཚང་དེར་ལ་དྭགས་པའི་སྲོལ་རྒྱུན་ལྟར་ཕུབ་པའི་ཁང་པ་ཁང་མིག་ལྔ་ཅན་ཞིག་ཡོད་ཀྱང་ཁང་མིག་གཉིས་ཀྱི་ནང་དུ་བཟའ་མི་རྣམས་བསྡད། ཁང་མིག་གཞན་གསུམ་ཡུལ་སྐོར་སྤྲོ་འཆམ་པ་ཚོར་གླ་ཡི་ཡོད་པར་མ་ཟད། རྒྱ་གར་གྱི་རང་འཚོ་བུད་མེད་མཐུན་ཚོགས་ཀྱིས་དྲྭ་ལམ་དུ་ཡུལ་སྐོར་སྤྲོ་འཆམ་པ་བཙལ་རྒྱུ་དང་དྲིལ་བསྒྲགས་ཀྱི་རོགས་ཕན་བསྒྲུབས། དེར་བརྟེན་ཕྱི་དབང་གྲོང་ཚོའི་ཁྱིམ་ཚང་བཅུ་ཐམ་པའི་ཁྱིམ་དུ་ཡུལ་སྐོར་སྤྲོ་འཆམ་པར་སྣེ་ལེན་གྱི་ཡོད་ཅེས་དྲྭ་ལམ་དུ་ཐོ་འགོད་བྱས་ནས་བསྒྲགས། དབྱར་གྱི་ཟླ་ཤས་རིང་གི་ཡུལ་སྐོར་སྤྲོ་འཆམ་གྱི་ནམ་ཟླ་ནི་ལ་དྭགས་པའི་དཔལ་འབྱོར་ཡོང་འབབ་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་རེད་ཅེས་གནས་ཚུལ་སྤེལ་འདུག

ཟླ་བ་སྔོན་མར་ཌན་མག་གི་བྷོར་ཇཱན་དུས་དེབ་ནང་དུ་ཁེ་ཐེ་རེན་ཤེ་ར་ཏ་ཞེས་པའི་ཉམས་ཞིབ་པ་ཞིག་གིས་རྩོམ་ཡིག་བྲིས་ཡོད་པ་དེར་འཁོད་པ་ལྟར་ན། ལ་དྭགས་ཀྱི་ཟངས་དཀར་ས་གནས་སུ་མི་གྲངས་༡༥༠༠༠་ཡས་མས་ཤིག་ལས་མེད་པ་དང་ཟངས་དཀར་ས་ཁུལ་དུ་དུས་རབས་མང་པོར་བོད་བརྒྱུད་ནང་བསྟན་གྱི་ཤུགས་ཞུགས་ཐེབས་ཀྱང་ལོ་༡༥་ཡས་མས་ཤིག་གི་གོང་ནས་ས་ཁུལ་དེར་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་རུ་སོང་། ས་གནས་མི་མང་གི་ཤེས་ཡོན་སློབ་གསོ་དང་ཞིང་ལས། འབྲོག་ལས་དང་ནུས་ཤུགས་འབྱུང་ཁུངས་གསར་འཚོལ། ཟངས་དཀར་ཕྱོགས་སུ་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་སོང་སྟེ་ས་གནས་དེར་་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཀྱི་འདུག ལོ་རབས་༩༠་པའི་མགོ་སྟོད་དུ་རྒྱ་གར་གཞུང་གིས་ལ་དྭགས་ལ་ཡུལ་སྐོར་སྤྲོ་འཆམ་པ་གཏོང་འགོ་ཚུགས་པ་རེད། དེ་ནས་བཟུང་སྟེ་སྔོན་གྱི་བྱུང་རབས་སུ་ལ་དྭགས་ལ་བོད་ཆུང་ཞེས་འབོད་སྲོལ་ཡོད་པའི་ས་གནས་དེའི་སྲོལ་རྒྱུན་གྱི་འཚོ་བར་གློ་བུར་དུ་འགྱུར་ལྡོག་ཐེབས་ནས་ནང་ཆོས་ཀྱི་གྲོན་ཆུང་ཆོག་ཤེས་ཀྱི་འདུ་ཤེས་རྣམས་ཉམས། ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྣེ་ལེན་དང་ཡུལ་སྐོར་སྤྲོ་འཆམ་པར་ཆེད་དུ་དམིགས་པའི་ཚོང་ལས་གསར་གཏོད། ལ་དྭགས་པའི་སྲོལ་རྒྱུན་གྱི་ཅ་ལག་རྙིང་པ་དང་ཅ་ལག་རྙིང་པར་དཔེ་བལྟས་ནས་བཟོས་པའི་དངོས་ཟོག་ཉོ་ཚོང་བྱ་རྒྱུ་གཙིགས་སུ་བཟུང་སྟེ་དངུལ་སྒོར་འདུ་འགོད་ལ་རྔམས་པའི་མ་རྩ་རིང་ལུགས་ཀྱི་གོམས་གཤིས་དེ་འཇགས་ཀྱི་འདུག ལ་དྭགས་པ་ཚོས་སྲོལ་རྒྱུན་གྱི་འཚོ་བའི་གོམས་སྲོལ་དོར་ནས་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་གཉེར་རྒྱུ་ཤུགས་ཆེ་དྲགས་ན་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་མཚམས་ཆད་པའི་ཉིན་མོ་དེར་ལ་དྭགས་པའི་སྲོལ་རྒྱུན་གྱི་འཚོ་བའི་གོམས་གཤིས་ཀྱང་བརླགས་ཟིན་པ་རེད་ཅེས་བསྟན།།

ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་དེས་ལ་དྭགས་པའི་སྲོལ་རྒྱུན་འཚོ་བར་དོ་ཕོག་གཏོང་གི་ཡོད་པ་འགོག་ཐབས་སུ་ལ་དྭགས་ཀྱི་ཚོགས་པ་ཁག་གིས་སྔ་མོའི་སྲོལ་རྒྱུན་གྱི་འཚོ་བའི་གོམས་སྲོལ་རྣམས་གཅེས་འཛིན་ཐུབ་ཐབས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་སྟེ། ལ་དྭགས་སྐྱེ་ཁམས་སྲུང་སྐྱོབ་ཚོགས་པ་སོགས་ཀྱིས་རང་གི་ས་གནས་དེའི་མང་ཚོགས་ལ་སྲོལ་རྒྱུན་གྱི་འཚོ་བའི་གོམས་སྲོལ་མ་བརླགས་པར་གཅེས་འཛིན་དང་ཡར་རྒྱས། གནའ་དེང་གཉིས་ཀར་མཐུན་པའི་འཛུགས་སྐྲུན་བྱེད་དགོས་པའི་གོ་རྟོགས་སྤེལ། ལ་དྭགས་པ་ཚོ་མཐའ་གཅིག་ཏུ་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ལ་བརྟེན་མི་དགོས་པའི་ལས་རིགས་གསར་གཏོད། ལ་དྭགས་པའི་སྐད་ཡིག་དང་རིག་གཞུང་སླར་གསོའི་ལས་གཞི་གསར་འཛུགས། རླུང་ཤུགས་དང་ཉི་འོད་སོགས་བཀོལ་སྤྱོད་ཀྱི་ཚན་རིག་ལག་རྩལ་ཡར་རྒྱས་བཏང་སྟེ་ལ་དྭགས་ལ་ཉི་འོད་དང་རླུང་ཤུགས་མོད་པོ་ཡོད་པ་རྣམས་བཀོལ་སྤྱོད་ཐུབ་ཐབས། ལ་དྭགས་པ་ཚོས་མི་རབས་མང་པོར་ཞིང་ལས་དང་འབྲོག་ལས་གཉེར་ནས་འཚོ་བར་རོལ་པའི་ལམ་སྲོལ་རྣམས་སླར་གསོ། ཡུལ་སྐོར་སྤྲོ་འཆམ་དང་སྲོལ་རྒྱུན་གྱི་འཚོ་བ་གཉིས་ཆ་མཉམ་ཞིག་གཉེར་སྐྱོང་ཐུབ་ཐབས་དང་དུས་རབས་༢༡་པ་འདིར་ལ་དྭགས་པའི་རིག་གཞུང་གཅེས་སྐྱོང་བྱ་དགོས། རིག་གཞུང་གཅེས་སྐྱོང་གི་འཐབ་རྩོད་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྩོད་ལེན་གྱི་འཐབ་རྩོད་ཅིག་ཡིན་ཞེས་ལས་འགུལ་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG