ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་དང་བལ་ཡུལ་གཉིས་ལ་ཆུ་ལོག་བརྒྱུགས་ནས་མི་༦༤་ལ་སྲོག་སྐྱོན། 


༄༅།། ཉི་མ་རེ་ཟུང་གི་སྔོན་དེར་རྒྱ་གར་ལྷོ་ཕྱོགས་ཀྱི་ཀེ་ར་ལ་མངའ་སྡེར་ཆུ་ལོག་བརྒྱུགས་ནས་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཚབས་ཆེན་ཕོག ད་ལྟ་རྒྱ་གར་བྱང་ཕྱོགས་ཀྱི་ཨུ་ཏར་ཁན་མངའ་སྡེར་ཆུ་ལོག་བརྒྱུགས་ནས་ཉུང་མཐར་ཡང་མི་༤༦་ལ་སྲོག་སྐྱོན་ཕོག་པའི་གནས་ཚུལ་ཐོན། དེ་རིང་ཕྱི་ཟླ་༡༠་པའི་ཚེས་༢༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་དྲག་ཆས་ཉེན་རྟོག་པ་དང་ཉེན་རྟོག་པ་བཅས་མི་༢༠༠༠་ལྷག་བཏང་ནས་ཆུ་ལོག་ནང་དུ་ཤི་བའི་འདས་པོ་རྣམས་ཀྱི་ཕུང་པོ་སྔོག་འདོན་དང་འདམ་ཉོག་ཁྲོད་དུ་ལུས་ཡོད་པ་རྣམས་ཉེན་སྐྱོབ་ཀྱི་ལས་སུ་བྲེལ། ཆུ་ལོག་ནང་དུ་སྲོག་སྐྱོན་ཕོག་མཁན་མང་ཆེ་བ་ནི་ཨུ་ཏར་ཁན་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་གྱི་ས་གནས་ནཱ་ནི་ཏལ་གྱི་ཆཱ་ར་གྲོང་གསེབ་ཡིན་ཞིང་། ནཱ་ནི་ཏལ་ས་གནས་སུ་ཆར་ཞོད་ཆེན་པོ་དང་ཆུ་ལོག་བརྒྱུགས་ནས་ཁང་པ་བརྡིབས་ཏེ་མི་༢༨་ལ་སྲོག་སྐྱོན་ཕོག དེ་བཞིན་མུག་ཏེ་ཤི་ཝར་རི་གྲོང་དུ་ཁང་པ་བརྡིབས་ནས་ངལ་རྩོལ་བ་༥་ལ་སྲོག་སྐྱོན་ཕོག རམ་གྷར་ས་གནས་སུ་ཁྱིམ་ཚང་ཞིག་གི་ཁང་པ་ཆུ་ལོག་གིས་ཁྱེར་ནས་བཟའ་མི་༩་ལ་སྲོག་སྐྱོན་བྱུང་འདུག་ཅེས་ས་གནས་ཀྱི་གཞུང་འབྲེལ་མི་སྣ་ཚོས་མཉམ་འབྲེལ་གསར་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་ཤིང་། རྒྱ་གར་གྱི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རཱི་ཤི་ཀེ་ཤི་ས་གནས་སུ་ཆུ་བོ་གངྒ་བྲུག་སྟེ་ཆུ་འགྲམ་གཉིས་སུ་ཆུ་ལུག ནཱ་ནི་ཏལ་གྱི་མཚེའུ་འཕྱུར་ཏེ་ལུག་ཡོང་གི་ཡོད་པ་སོགས་ཀྱི་བརྙན་ཐུང་རྣམས་བཀྲམ་འདུག འདས་པའི་ཉི་མ་གསུམ་ལ་ཨུ་ཏར་ཁན་མངའ་སྡེའི་ས་གནས་ཁག་ལ་ཆར་ཞོད་ཆེན་པོ་བབས་ཏེ་རྒྱ་ལམ་དང་ཟམ་པ་རྣམས་ཆུ་ལོག་གིས་ཁྱེར། ས་རུད་བྱུང་སྟེ་མི་མང་གི་ཁང་པ་རྣམས་བསྣུབས། རྒྱ་གར་གྱི་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་རྒྱ་གར་ལྷོ་ཕྱོགས་དང་བྱང་ཤར་མངའ་སྡེ་ཁག་ལའང་ཆར་ཞོད་ཆེན་པོ་འབབ་རྒྱུའི་ཉེན་བརྡ་བཏང་འདུག


ཨུ་ཏར་ཁན་མངའ་སྡེའི་རྒྱལ་ས་ལྡེ་ར་ལྡུན་གྲོང་ཁྱེར་གྱི་གནམ་གཤིས་བརྟག་དཔྱད་ཁང་གི་འགན་འཛིན་ཝྭིཀ་རམ་སིང་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཟླ་བ་འདིའི་མགོ་སྟོད་ཀྱི་བདུན་ཕྲག་འགའ་ཞིག་གི་རིང་ལ་ཨུ་ཏར་ཁན་མངའ་སྡེར་ཆར་ཆུ་སོར་བདུན་ཙམ་ལས་བབས་མེད། འདས་པའི་ཉིན་ཞག་གཅིག་གི་རིང་དུ་ཆར་ཆུ་སོར་༢༢་དང་གྲངས་ཆུང་༨་བབས་སོང་། འཛམ་གླིང་གི་སའི་གོ་ལའི་གཤམ་གཤིས་འགྱུར་ལྡོག་ཐེབས་ནས་ཆར་པ་འབབ་རྒྱུ་ཇེ་མང་དང་ཆར་ཞོད་ཀྱི་ཤུགས་ཚད་ཇེ་ཆེ་རེད་ཅེས་བསྟན། བདུན་ཕྲག་འདིར་རྒྱ་གར་གྱི་མངའ་སྡེ་ཁག་འགའ་ཞིག་ལ་ཆུ་ལོག་བརྒྱུགས་པ་དང་རི་ཉིལ་ནས་ལྷོ་ཕྱོགས་ཀྱི་ཀེ་ར་ལ་མངའ་སྡེར་མི་༣༩་ལ་སྲོག་སྐྱོན་ཕོག ད་དུང་ཡང་མངའ་སྡེ་དེར་ཉིན་ཤས་རིང་ཆར་ཞོད་ཆེན་པོ་འབབ་རྒྱུའི་སྔོན་བརྡ་བཏང་འདུག ཚན་རིག་པ་ཚོས་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་རྒྱ་གར་བྱང་ཕྱོགས་ཀྱི་ས་གནས་ཁག་ལ་ཆུ་ལོག་རྒྱུག་པ་དང་ས་རུད་འབྱུང་གི་ཡོད་པ་རྒྱུན་ལྡན་ཞིག་མོད། འོན་ཀྱང་འཛམ་གླིང་གི་སའི་གོ་ལའི་གཤམ་གཤིས་འགྱུར་ལྡོག་ཐེབས་ནས་གངས་རི་དང་འཁྱག་རོམ་རྣམས་ཞུ་སྟེ་ཆུ་ལོག་བརྒྱུག་རྒྱུ་སྔར་ལས་ཤུགས་ཇེ་ཆེ་དང་ཇེ་མང་དུ་སོང་འདུག་ཅེས་གླེང་། ད་ལོའི་ཕྱི་ཟླ་༢་པར་ཨུ་ཏར་ཁན་མངའ་སྡེར་ཆུ་ལོག་བརྒྱུགས་ནས་མི་༢༠༠་ལྷག་ལ་འཆི་སྐྱོན་བྱུང་བ་དང་༢༠༡༣་ལོར་མངའ་སྡེ་དེར་ཆུ་ལོག་བརྒྱུགས་ནས་མི་སྟོང་ཕྲག་འགའ་ཞིག་ལ་སྲོག་སྐྱོན་ཕོག ཨུ་ཏུར་ཁན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པུ་ཤ་ཀར་སིང་ཛ་མཱིས་ཆུ་ལོག་གི་ནང་དུ་སྲོག་སྐྱོན་ཕོག་པའི་ཁྱིམ་ཚང་རེར་ཧིན་སྒོར་༤༠༠༠༠༠་རེ་གུན་གསབ་དང་ཁང་པ་ཆུ་ལོག་གིས་བསྣུབས་པའི་ཁྱིམ་ཚང་རེར་ཧིན་སྒོར་༡༩༠༠༠༠་རེ་སྤྲོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག སྲིད་བློན་མ་དྷིས་ཨུ་ཏར་ཁན་མངའ་སྡེར་ཆུ་ལོག་གི་གནོད་འཚེ་ཕོག་སྟེ་མིའི་ཚེ་སྲོག་ཤོར་བར་བློ་ཕམ་ཆེན་པོ་བྱུང་། མངའ་སྡེ་དེའི་མི་དམངས་རྣམས་མྱུར་དུ་ཆུ་ལོག་གི་གནོད་འཚེའི་འོག་ནས་ཐར་ཐུབ་པའི་རེ་བ་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་པ་སངས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་ཀེ་ར་ལ་མངའ་སྡེ་ཆར་ཞོད་ཆེན་པོ་བྱུང་སྟེ་ཆུ་ལོག་བརྒྱུགས་པ་དང་ས་ཉིལ། མི་མང་གི་ཁང་པ་རྣམས་བརྡིབས་པ་དང་ཆུ་བོ་རྣམས་བྲུག་སྟེ་རྒྱ་ལམ་རྣམས་ཆུ་ལོག་གིས་བསྣུབས། རླངས་འཁོར་རྣམས་འདམ་ཉོག་དཀྱིལ་དུ་འགགས། རྒྱ་གར་གཞུང་གིས་གཟའ་སྤེན་པ་ནས་སྐམ་དམག་དང་མཚོ་དམག གནམ་དམག་རྣམས་བཏང་སྟེ་རྒྱལ་ཡོངས་གོད་ཆག་གདོང་ལེན་དཔུང་སྡེར་རོགས་སྐྱོར་བྱ་རྒྱུ་འགོ་བཙུགས་ཏེ་རྒྱ་གར་ལྷོ་ཕྱོགས་དང་དབུས་ཕྱོགས་སུ་ཉེན་སྐྱོབ་ཀྱི་ལས་དོན་བསྒྲུབས། ཀེ་ར་ལ་མངའ་སྡེའི་གོད་ཆག་གདོང་ལེན་ལས་ཁུངས་ཀྱི་འགན་འཛིན་ཀོ་སི་གྷན་གྱིས་གསར་འགོད་པར་བཤད་པ་ལྟར་ན། མི་ཁག་ཅིག་རླངས་འཁོར་ནང་ནས་ཕྱི་ལ་འབུད་མ་ཐུབ་པ་དང་ཁག་ཅིག་གྱང་ལོག་ནས་སྲོག་སྐྱོན་འཕོག་གི་འདུག ང་ཚོས་སྒར་ཁ་༡༥༠་ལྷག་བརྒྱབ་ནས་ཉེན་སྐྱོབ་བྱས་པའི་མི་དམངས་ལ་ལྟ་རྟོག་བྱེད་བཞིན་ཡོད་ཅེས་བཤད། ཀེ་ར་ལ་མངའ་སྡེར་མི་འབོར་ས་ཡ་༣༣་ཡོད་པ་དང་ལོ་ལྟར་ཕྱི་ཟླ་༥་པའི་ཟླ་མཇུག་ནས་ཕྱི་ཟླ་༩་པ་བར་དུ་ཆར་ཞོད་ཚུགས་ཀྱི་ཡོད་ཀྱང་ཉེ་བའི་ལོ་ཤས་ཤིག་ནས་ཆར་ཞོད་ཀྱི་དུས་སུ་ཆུ་ལོག་རྒྱུག་པ་དང་ས་རུད་འབྱུང་རྒྱུ་མང་དུ་སོང་། ༢༠༡༨་ལོར་ཀེ་ར་ལ་མངའ་སྡེར་མི་༣༢༤་ཆུ་ལོག་གི་ནང་དུ་ཤི་བ་དང་མི་མང་༣༠༠༠༠༠་ལྷག་ཉེན་སྐྱོབ་བྱ་དགོས་བྱུང་ཞིང་། ད་ལྟ་ཀེ་ར་ལ་མངའ་སྡེའི་རྫོང་ཁག་༡༤་ཡས་མས་ཤིག་ཆུ་ནང་དུ་ཐིམ་སྟེ་ཛ་དྲག་གི་གནས་ཚུལ་ལྷུང་འདུག

གཟའ་འཁོར་འདིར་ཆུ་ལོག་གི་དཀའ་ངལ་དང་གནོད་འཚེ་འབྱུང་གི་ཡོད་པ་རྒྱ་གར་གཅིག་པུ་མིན་པ་སྟེ། འདས་པའི་ཉིན་ཞག་གཅིག་ལ་བལ་ཡུལ་གྱི་ས་གནས་ཁག་ལ་ཆུ་ལོག་བརྒྱུགས་ནས་མི་༡༨་ལ་སྲོག་སྐྱོན་ཕོག་པའི་གནས་ཚུལ་ཐོན་འདུག དེ་རིང་གཟའ་ལྷག་པའི་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཀན་ཆན་པུར་ས་གནས་སུ་ཆུ་ལོག་བརྒྱུགས་ཏེ་བྷ་ཇ་ཧང་ས་ཁུལ་གྱི་མི་༢༤་གར་སོང་ཆ་མེད་དུ་གྱུར་ཏེ་རྙེད་ཀྱི་མེད་པ་དང་མི་༢༦༠༠་ལྷག་ཆགས་ས་རྟེན་ས་མེད་པར་གྱུར། མ་ཧ་ཀ་ལི་དང་ཀར་ན་ལི། སེ་ཏི་ཆུ་བོ་རྣམས་བྲུག་སྟེ་ཁ་སང་གཟའ་མིག་དམར་ནས་བལ་ཡུལ་གྱི་སུ་དྷར་པ་ས་ཆིམ་ཞིང་ཆེན་གྱི་རྫོང་ཁག་༧་ལ་གནོད་འཚེ་ཚབས་ཆེན་ཕོག དྷོ་ཏི་རྫོང་གི་ཉེན་རྟོག་པ་ཚོས་ས་ཁུལ་དེའི་མི་༩་ལ་ཆུ་ལོག་ནང་དུ་སྲོག་སྐྱོན་ཕོག་སོང་། མི་གཅིག་འཆི་གསོན་ཅི་ཡིན་རྙེད་ཀྱི་མི་འདུག་ཅེས་བཤད། ཇོ་ར་ཡལ་གྲོང་རྡལ་གྱི་ཉེན་རྟོག་སྤྱི་ཁྱབ་གྱིས་ཁྱིམ་ཚང་གཅིག་གི་ཁང་པ་ཆུ་ལོག་གིས་ཁྱེར་ནས་བཟའ་མི་བཞི་པོ་ཤི་ཡོད་པ་དང་བྷ་ཡེ་ཏ་དྷི་རྫོང་དུ་ཁྱིམ་ཚང་ཞིག་གི་ཁང་པ་ཆུ་ལོག་གིས་ཁྱེར་ནས་ས་འོག་ཏུ་མནན། ཀན་ཆན་པུར་ས་གནས་སུ་མ་ཧ་ཀ་ལི་ཆུ་བོ་བྲུག་ནས་ཁྱིམ་ཚང་༦༠༠་ལྷག་ལ་ཆགས་གནས་མེད་པར་གྱུར། ཤ་ཀུན་ཏ་ལ་དྷོ་ཡེ་བྷ་ཞེས་པའི་ས་གནས་དེའི་ཡུལ་མི་ཞིག་གིས་མདང་དགོང་མཚན་ལ་ང་ཚོ་ཁྱིམ་མཚེས་ཚོས་སྐད་ཅོར་བརྒྱབ་ནས་གཉིད་དཀྲོགས་སོང་། ང་ཚོས་འཕྲལ་དུ་ཁྱིམ་ཚང་གི་ཅ་ལག་རྩ་ཆེན་ཁག་ཅིག་ཁྱེར་པ་དང་ཕྱུག་ཟོག་རྣམས་དེད་ནས་བཙན་ས་ཞིག་ལ་བྲོས་པ་ཡིན། ཡིན་ནའང་ང་ཚོས་གྱོན་གོས་དང་བཟའ་བཅའི་རིགས་ཅི་ཡང་ལེན་ཐུབ་མ་སོང་ཞེས་བཤད། ༡༩༢༨་ལོར་མ་ཧ་ཀ་ལི་ཆུ་བོར་ཆུ་རགས་བརྒྱབ་ནས་བཟུང་སྟེ་ད་ལོ་བར་དུ་ཆུ་བོ་དེ་ཚད་མཐོན་པོ་འདི་འདྲ་ཞིག་བྲུག་མྱོང་མེད་པའི་གནས་ཚུལ་ཐོན། དིག་ལ་གྲོང་གསེབ་ཀྱི་ཁྱིམ་ཚང་༧་གྱི་ཁང་པ་རྣམས་རི་ཉིལ་ནས་ས་འོག་ཏུ་མནན།།

བལ་ཡུལ་གཞུང་གིས་དམག་བཏང་ནས་གྲོང་གསེབ་ཁག་ཏུ་ཆུ་ལོག་དང་འདམ་ཉོག་དཀྱིལ་དུ་ལུས་ཡོད་པའི་མི་དམངས་རྣམས་ཉེན་སྐྱོབ། རི་གྲོང་ཁག་ལ་དམག་གི་ཐད་འཕུར་གནམ་གྲུ་བཏང་ནས་གྲོང་གསེབ་པ་ཚོ་སྐྱོབ་ལེན། བལ་ཡུལ་གྱི་ས་གནས་ཁག་ཅིག་ལ་ཆར་ཞོད་ཆེ་དྲགས་ཏེ་ཆུ་རགས་ནང་གི་བསྐྱིལ་ཆུ་ལུག་སྟེ་གྲོང་གསེབ་ཁག་ཅིག་ཆུ་ལོག་གིས་སྣུབ་ཀྱི་ཡོད་པའི་གནས་ཚུལ་ཐོན། དྷ་ནུ་ཤ་རྫོང་གི་ཇཱ་ནག་པུར་གྲོང་རྡལ་གྱི་ས་གནས་ཁག་ཅིག་ཆར་ཆུའི་ནང་དུ་ཐིམ་གྱི་ཡོད་པ་དང་བལ་ཡུལ་གྱི་གུང་སེང་ཞིག་གི་སྐབས་སུ་བལ་པོ་བརྒྱ་ཕྲག་མང་པོ་གློ་སྨོན་ཐང་ཕྱོགས་སུ་ཡུལ་སྐོར་སྤྲོ་འཆམ་ལ་སོང་། ད་ལྟ་ཆུ་ལོག་བརྒྱུགས་ནས་རྒྱ་ལམ་དང་ཟམ་པ་རྣམས་ཆུས་ཁྱེར་ཏེ་བལ་པོ་མང་དག་ཅིག་རང་ཁྱིམ་དུ་ལོག་མ་ཐུབ་པར་ལམ་ཐོག་ཏུ་འགགས། མ་ནང་རྫོང་ལ་རྒྱ་ལམ་གཅིག་ལས་མེད་པ་ཆུ་ལོག་གིས་ཁྱེར་ནས་འགྲིམ་འགྲུལ་དང་སྐྱེལ་འདྲེན་མཚམས་ཆད། བལ་ཡུལ་གྱི་རྒྱ་ལམ་འཛུགས་སྐྲུན་ཁང་གི་འཆར་འགོད་པ་པན་ཏ་ཞེས་པ་ཞིག་གིས་ཆར་པ་ཆད་མཚམས་སུ་བསྐྱར་དུ་རྒྱ་ལམ་འཛུགས་སྐྲུན་དང་ཞིག་གསོ་བྱ་འཆར་ཡོད། ད་ལྟ་ཆར་ཞོད་ཀྱི་དུས་སུ་རྒྱ་ལམ་དང་ཟམ་པ་སོགས་སླར་གསོའི་འཛུགས་སྐྲུན་ལས་དོན་གང་ཡང་སྒྲུབ་ཐུབ་ཀྱི་མི་འདུག་ཅེས་བཤད། བལ་ཡུལ་གྱི་ཧི་མ་ལ་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་གཟའ་ལྷག་པའི་ཉིན་རྒྱལ་ས་ཀ་ཐ་མན་རྡུ་ནས་གནམ་གྲུ་བརྒྱ་ཡས་མས་ཤིག་གནམ་གཤིས་ཡག་པོ་མེད་པར་འཕུར་མཚམས་འཇོག་དགོས་བྱུང་ཞིང་། བལ་ཡུལ་ལ་མཁའ་ལམ་ལས་ཁུངས་༧་ཡོད་པ་དེ་དག་གིས་གནམ་ངོ་མ་ཐང་བར་དུ་འགྲུལ་པ་སྐྱེལ་འདྲེན་གྱི་སྲི་ཞུ་བསྒྲུབ་རྒྱུ་ངང་འཐེན་བྱས་འདུག རྒྱ་གར་གྱི་བྷི་ཧར་དང་ཨུ་ཏར་པར་དྷེ་ཤི་མངའ་སྡེ་གཉིས་ལ་གནམ་གཤིས་འགྱུར་ལྡོག་ཐེབས་ན་བལ་ཡུལ་ལ་རང་བཞིན་གྱིས་ཤུགས་རྐྱེན་ཐེབས་རྒྱུ་ལྡོག་ཐབས་བྲལ། ད་ལོ་བལ་ཡུལ་གྱི་ཞིང་ཆེན་འགའ་ཞིག་ལ་ཆར་ཞོད་ཆེན་པོ་དང་ཆར་ཞོད་ཀྱི་དུས་ཡུན་རིང་པོ་འབྱུང་གི་འདུག་ཅེས་གནས་ཚུལ་བཀོད་འདུག

XS
SM
MD
LG