ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་འཕུར་མདེལ་མེ་སྒྱོགས་བཙུགས་སྐད།


༄༅།། ༢༠༢༠་ལོའི་ཕྱི་ཟླ་༦་པར་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་མི་གསོད་ཁྲག་སྦྱོར་གྱི་འཐབ་འཁྲུག་ལངས་ནས་བཟུང་། ཧིན་བོད་ས་མཚམས་སུ་ཞི་བདེ་བརྟན་ལྷིང་མེད་པར་རྒྱ་དཀར་ནག་གཉིས་ཀས་དམག་འཁྲུག་རྒྱག་རྒྱུའི་ཉེན་ཁ་བྱུང་། ཕྱི་ཟླ་༡༠་པའི་ཚེས་༢༠་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་མདུན་དུ་རྒྱ་གར་ལ་ཞི་བའི་གྲོས་མོལ་བྱ་དགོས་ཞེས་ཕྱོགས་གཉིས་ཀྱི་དམག་དཔུང་བཀོད་འདོམས་པ་རིམ་པའི་གྲོས་མོལ་བྱེད་ཀྱི་ཡོད་ཀྱང་ལྐོག་ཏུ་དམག་འཁྲུག་གི་གྲ་སྒྲིག་བྱེད་ཀྱི་འདུག ཉེ་ཆར་རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་མེ་ཤུགས་འཕུར་མདེལ་གྱི་མེ་སྒྱོགས་༡༠༠་ལྷག་དང་སྐྱེལ་འདྲེན་བདེ་བའི་མེ་སྒྱོགས་གསར་པའི་དཔུང་སྡེ་བཙུགས་ནས་རྒྱ་གར་གྱི་མེ་སྒྱོགས་དཔུར་སྡེར་ཁ་གཏད་གཅོག་ཐུབ་པའི་གྲ་སྒྲིག་བྱས་འདུག རྒྱ་ནག་གིས་ལ་དྭགས་ཀྱི་ས་མཚམས་སུ་བཙུགས་ཡོད་པའི་མེ་ཤུགས་འཕུར་མདེལ་གྱི་མེ་སྒྱོགས་རྣམས་རྒྱང་ཐག་སྤྱི་ལེ་༦༥༠་ལ་སྙོབ་ཐུབ་པའི་གྲས་དེ་རེད། རྒྱ་ནག་གིས་དགུན་གྱི་དུས་སུ་ཧི་མ་ལ་ཡའི་ས་མཚམས་ཁག་ལ་སྲུང་སྐྱོབ་ཀྱི་གྲ་སྒྲིག་དང་རྒྱ་གར་གྱིས་མེ་སྒྱོགས་རུ་ཁག་གསུམ་བཙུགས་པ་དེ་དག་ལ་དམིགས་ནས་མཐོ་སྒང་གི་ས་ཐོག་ཏུ་འཕུར་མདེལ་གྱི་མེ་སྒྱོགས་གསར་པ་བཙུགས་ཤིང་། བདུན་ཕྲག་འགའ་ཞིག་སྔོན་དེར་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་རིམ་པའི་གྲོས་མོལ་ཐེངས་༡༣་པར་གྲུབ་འབྲས་མ་ཐོན་པ་དང་ཧིན་བོད་ས་མཚམས་ནས་དམག་དཔུང་ཕྱིར་འཐེན་བྱེད་ཐུབ་ཀྱི་མེད་པ་བཅས་ཀྱིས་ཕྱོགས་གཉིས་ཀས་དམག་དཔུང་ཁ་སྣོན་བཏང་ནས་དུས་ཡུན་རིང་པོའི་གྲ་སྒྲིག་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག

ཟླ་ཤས་གོང་ནས་རྒྱ་དཀར་ནག་གཉིས་ཀས་རང་ས་བཙན་སྲུང་གི་གྲ་སྒྲིག་བྱས་ནས་མཚོན་ཆ་འགྲེམ་འཇོག རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༩་པའི་ནང་དུ་རྒྱ་གར་གྱིས་ཐད་འཕུར་གནམ་གྲུའི་ནང་དུ་M777s་རྟགས་ཅན་གྱི་མེ་སྒྱོགས་རྣམས་ས་མཚམས་སུ་སྐྱེལ་འདྲེན་བྱས་པར་མ་ཟད། མེ་སྒྱོགས་ཆེན་པོ་རྣམས་ས་ཐོག་ནས་མཐའ་མཚམས་སུ་སྐྱེལ་འདྲེན་བྱས་ཏེ་བོད་ཀྱི་ཕྱོགས་སུ་ཁ་གཏད་ནས་བཙུགས་འདུག་ཅེས་གནས་ཚུལ་ཐོན། ཨོ་མེན་ས་ཁུལ་དུ་གནས་འཁོད་དམག་དོན་ཉམས་ཞིབ་པ་ཨན་ཐོ་ཎི་ཝང་ཐུང་གིས་རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་སུ་ཉེ་རྒྱང་གཉིས་ཀར་སྙོབ་ཐུབ་པའི་འཕུར་མདེལ་དང་མེ་སྒྱོགས་བཙུགས་འདུག མཚོན་ཆའི་བཟང་ངན་གྱི་ཆ་ནས་རྒྱ་ནག་ལ་མཚོན་ཆའི་སྟོབས་ཤུགས་ཆེ་བ་ཡོད་ཀྱང་ཧིན་བོད་ས་མཚམས་ཀྱི་དཀའ་ངལ་གཙོ་བོ་མཚོན་ཆའི་ཡག་ཉེས་མ་རེད། དགུན་གྱི་དུས་སུ་གནམ་གཤིས་གྲང་ངར་ཆེ་དྲགས་པའི་མི་འཚོ་གནས་བྱེད་མི་ཐུབ་པའི་དཀའ་ངལ་རེད་ཅེས་བསྟན། ནཱ་ལེནྡྲ་སློབ་གྲྭ་ཆེན་མོའི་ཟུང་འབྲེལ་སློབ་དཔོན་རཱན་ཇན་ཅོ་ཐུར་ཝྭེ་ཌིས་རྒྱ་ནག་གིས་ཧིན་བོད་ས་མཚམས་སྲུང་སྐྱོབ་དང་དགུན་ཁའི་གྲ་སྒྲིག་ཅི་ཞིག་བྱས་ཀྱང་རྒྱ་གར་གྱིས་དེ་གྲ་སྒྲིག་གཅིག་འདྲ་བྱེད་ཀྱི་འདུག རྒྱ་ནག་གི་དམག་ལ་མཚོན་ཆ་མང་བ་ཡོད་པ་དེ་ལ་རྒྱ་གར་གྱིས་གྲངས་འབོར་ཚད་མཉམ་དུ་འཇུག་རྒྱུ་གཙིགས་སུ་བཟུང་མེད་ཅིང་། རྒྱ་གར་གྱིས་ཚན་རིག་ལག་རྩལ་བཀོལ་སྤྱོད་བདང་རྒྱ་ནག་གི་དམག་དང་མ་འདྲ་བར་རྒྱ་གར་གྱི་དམག་ལ་དགུན་གྱི་གྲང་ངར་ཁྲོད་དུ་ཧི་མ་ལ་ཡའི་གྲངས་ཁྲོད་དུ་འཚོ་གནས་བྱེད་ཐུབ་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ཆ་རྐྱེན་གཙོ་བོ་རེད་ཅེས་བཤད། པེ་ཅིང་གི་དམག་དོན་ཉམས་ཞིབ་པ་ཀྲུག་ཁྲེན་མཱིང་གིས་རྒྱ་ནག་གི་ནུབ་ཕྱོགས་དམག་དཔུང་དང་ལྷག་པར་དུ་རྒྱ་གར་གྱི་མཐའ་མཚམས་སུ་བཀྲམ་ཡོད་པའི་རྒྱ་ནག་གི་དམག་ལ་ཟླ་བ་མང་པོར་འདང་བའི་ཟ་འབྲུ་སྐྱེལ་འདྲེན་བྱས་ནས་གསོག་འཇོག་བྱས་འདུག མི་དམངས་བཅིངས་འགྲོལ་དམག་ལ་དགུན་གྱི་དུས་སུ་ཟ་འབྲུ་དང་མཁོ་ཆས་གཞན་རྣམས་འདང་ངེས་ཡོད་ཀྱང་ཁོ་ཚོས་དགུན་གྱི་གྲང་ངར་ཁྲོད་དུ་འཚོ་གནས་བྱེད་ཐུབ་པའི་སྦྱོང་བརྡར་བྱེད་དགོས་ཀྱི་འདུག་ཅེས་བསྟན།།

རྒྱ་གར་གཞུང་གིས་ཕྱོགས་གཅིག་ནས་རྒྱ་ནག་ལ་ཁ་གཏད་བཅག་སྟེ་གྲ་སྒྲིག་དང་ཨ་རི་སོགས་ལ་དམག་དོན་གྱི་འབྲེལ་བ་ཡར་རྒྱས། ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་དྲག་བཀོལ་བྱས་ནས་ཟིང་འཁྲུག་སློང་བ་དང་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་ཡོད་པའི་གླེང་ཕྱོགས་བཟོ་རྒྱུ་ཤུགས་ཆེ་རུ་འདུག དཔེར་ན་ཁ་སང་གཟའ་ལྷག་པའི་ཉིན་སྲིད་འཛིན་བྷ་ཌན་གྱིས་འདེམས་སྒྲུག་བྱས་པའི་རྒྱ་ནག་ཏུ་མངགས་གཏོང་བྱ་རྒྱུའི་ཨ་རིའི་གཞུང་ཚབ་པ་གསར་པའི་འོས་མི་ཎི་ཁོ་ལ་སི་བྷན་སི་ལ་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཉན་ཞིབ་ཚོགས་འདུ་བསྐོངས། སྐུ་ཞབས་བྷན་སིས་ཧིན་བོད་ས་མཚམས་སུ་ཞི་བདེ་བརྟན་ལྷིང་མེད་པའི་ལན་ཁག་རྒྱ་ནག་ལ་འདུག རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་མེད་བཏང་ནས་འགལ་འཛོལ་བྱེད་ཀྱི་ཡོད་པར་ཨ་མི་རི་ཀས་ངེས་པར་དུ་འགན་འཁྲི་ལེན་དུ་འཇུག་དགོས། རྒྱ་ནག་གིས་ཨ་མི་རི་ཀའི་ཁེ་ཕན་ལ་གནོད་པ་དང་ཨ་རིའི་བདེ་འཇགས། ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་དང་ཟླ་གྲོགས་ཚོའི་བདེ་འཇགས་ལ་ཉེན་ཁ་འཕྲད་དུ་བཅུག་སྟེ་རྒྱལ་སྤྱིའི་སྒྲིག་སྲོལ་ཁག་ལ་རྡོག་བརྫས་གཏོང་གི་ཡོད་པར་ཨ་མི་རི་ཀས་ཅིས་ཀྱང་ཁ་གཏད་གཅོག་དགོས། རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་རྒྱ་གར་ལ་འཁྲུག་རྩོད་སློང་བ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཝྭི་ཏེ་ནམ་དང་ཧྥི་ལི་ཕིན་སོགས་ལ་འཁྲུག་རྩོད་བསླངས། ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཉི་ཧོང་ལ་འཁྲུག་རྩོད་བསླངས། ཨོ་གླིང་རྒྱལ་ཁབ་དང་ལི་ཐུ་ཝྭེ་ཎི་ཡ་སོགས་ལ་རྒྱ་ནག་གིས་འཇིགས་སྐུལ་གྱི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པ་ཡན་པོར་གཏོང་མི་ཉན། དེ་བཞིན་རྒྱ་ནག་གིས་བོད་དང་ཞིན་ཅང་ལ་མི་རིགས་གཙང་སེལ། ཧོང་ཀོང་གི་རང་དབང་དང་རང་སྐྱོང་ཐོབ་ཐང་བཙན་འཕྲོག ཐེ་ཝན་ལ་དམག་གིས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་རྣམས་ངེས་པར་དུ་འགོག་དགོས་ཞེས་བཤད།།

རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གཞུང་གིས་ས་མཚམས་སུ་དམག་དཔུང་༥༠༠༠༠་ཁ་སྣོན་བཏང་སྟེ་འཁྲུག་རྩོད་སློང་གི་འདུག རྒྱ་ནག་ལ་ས་མཚམས་ཀྱི་དམག་དཔུང་ཕྱིར་འཐེན་བྱས་ནས་ཞི་བདེ་བརྟན་ལྷིང་བསྐྲུན་འདོད་ཡོད། ཨ་རིའི་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་སོགས་ཀྱིས་རྒྱ་གར་གཞུང་གིས་དམག་དཔུང་༢༠༠༠༠༠་ལྷག་ས་མཚམས་སུ་བཏང་སྟེ་ས་ཁུལ་ཁག་གསུམ་ལ་གནམ་དམག་གི་འཐབ་སྡེ་བཀྲམ་ནས་རྒྱ་ནག་ལ་ཕར་རྒོལ་བྱ་རྒྱུའི་སྲིད་ཇུས་ཤིག་བཟུང་ཡོད་པའི་གནས་ཚུལ་སྤེལ་བ་བཅས་ལ་བལྟས་ཚེ། ཧི་མ་ལ་ཡའི་ས་མཚམས་ཁག་ཏུ་འཁྲུག་རྩོད་སློང་མཁན་རྒྱ་ནག་མིན་པར་རྒྱ་གར་ཡིན་པ་གསལ་པོར་བསྟན་པ་རེད་ཅེས་ཧིན་བོད་ས་མཚམས་སུ་ཞི་བདེ་བརྟན་ལྷིང་མེད་པའི་ལན་ཁག་རྒྱ་གར་ལ་དཀྲིས། དེ་རིང་ཕྱི་ཟླ་༡༠་པའི་ཚེས་༢༡་ཉིན་རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོས་སླར་ཡང་བདེ་བཟང་ཐང་དང་ཆར་གདེངས་ནུལ་ལྷ། བདེ་མཆོག་ས་ཁུལ་བཅས་ནས་དམག་དཔུང་ཕྱིར་འཐེན་གྱི་གྲོས་མོལ་བྱེད་དགོས་པའི་གྲོས་མཐུན་བྱུང་ཞིང་། རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་རིམ་པའི་གྲོས་མོལ་ཐེངས་༡༣་པའི་སྐབས་སུ་རྒྱ་ནག་གི་དམག་དཔུང་རྣམས་ཆུ་ཚན་ས་ཁུལ་ནས་ཕྱིར་འཐེན་བྱ་རྒྱུ་དེར་མོས་མཐུན་མ་བྱས་པར་ལ་དྭགས་ཤར་ཕྱོགས་ཀྱི་གོག་ར་དང་ཆུ་ཚན་ས་ཁུལ་སོགས་ལ་དམག་དཔུང་ཕོན་ཆེན་ཞིག་བཏང་སྟེ་ས་ཐོག་གི་གནས་སྟངས་ལ་འགྱུར་བ་གཏོང་གི་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གིས་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་ཕྱིར་འཐེན་བྱ་དགོས་ཟེར་གྱི་ཡོད་ཀྱང་རྒྱ་གར་གྱིས་དེ་ལ་མ་མཉན་པར་ང་ཚོ་རང་གི་ས་ཐོག་ཏུ་བསྡད་ཡོད། རྒྱ་ནག་གི་དམག་དཔུང་རྒྱ་གར་གྱི་ས་ཐོག་ནས་ཕྱིར་འཐེན་བྱེད་དགོས་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG