ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འབྲུག་ཡུལ་གྱི་ཆབ་སྲིད་ལ་བུད་མེད་ཞུགས་མཁན་དཀོན་དོན་ཅི་རེད། 


༄༅།། འབྲུག་ཡུལ་གྱི་མི་འབོར་བརྒྱ་ཆ་༤༨་ནས་༥༠་ཙམ་བུད་མེད་ཡིན་རུང་སྤྱི་ཚོགས་དང་ལོ་རྒྱུས། གྲལ་རིམ་དང་ཤེས་ཡོན་སློབ་གསོ། ལས་ཀ་སོགས་ཀྱི་ཆ་ནས་བུད་མེད་ལ་དབྱེ་འབྱེད་བྱས་ནས་གོ་སྐབས་འདྲ་མཉམ་ཐོབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༣༠་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་ཐོན་པ་ལྟར་ན། དུས་རབས་སྔོན་མའི་ལོ་རབས་༦༠་པ་ནས་འབྲུག་ཡུལ་དེང་རབས་ཅན་དུ་བསྒྱུར་རྒྱུའི་ཕྱོགས་སུ་བསྐྱོད། ༢༠༢༣་གྱི་མཚམས་སུའང་རྒྱལ་ཁབ་ཀྱི་ལས་དོན་ཐག་གཅོད་བྱེད་མཁན་དབང་འཛིན་པའི་གྲས་སུ་བུད་མེད་ཧ་ཅང་ཉུང་ཉུང་རེད། འབྲུག་ཡུལ་ལ་མདུན་མཆོང་མྱུར་སྐྱོད་ཀྱི་འགྱུར་བ་གཏོང་རྒྱུའི་ཕུགས་བསམ་དེ་མངོན་དུ་མ་གྱུར་པར་རིམ་འགྱུར་དང་དར་རྒུད་ཀྱི་གྱུར་ལྡོག་གི་འཕེལ་རིམ་ཞིག་ཏུ་གྱུར། ཉེ་ཆར་འབྲུག་ཡུལ་ལ་ལེགས་བཅོས་རིམ་པ་ཞིག་བྱས་པའི་རྗེས་སུའང་རྒྱལ་ཁབ་ཀྱི་སྲི་ཞུ་བའི་གྲས་སུ་བུད་མེད་བརྒྱ་ཆ་༡༨་དང་གྲོས་ཚོགས་སུ་བུད་མེད་བརྒྱ་ཆ་༡༥་དང་གྲངས་ཆུང་༣་ལས་མི་འདུག དེས་ན་འབྲུག་ཡུལ་གྱི་འགོ་ཁྲིད་ཚོ་སྐྱེས་པ་ཡིན་པ་དང་ཆབ་སྲིད་ཀྱི་ཁོར་ཡུག་དེར་སྐྱེས་པ་ཚོས་དབང་བསྒྱུར་བྱེད་བཞིན་ཡོད་པ་ནི་བསྙོན་དུ་མེད། ད་ལྟའི་དུས་འདིར་འབྲུག་ཡུལ་དུ་རྒྱལ་ཁབ་ཀྱི་ལས་དོན་ཆེན་པོ་སྒྲུབ་ཐུབ་པའི་བུད་མེད་འོས་ཆོས་ཚང་བ་དཀོན་པོ་འདུག་ཟེར་ནི་མཐའ་གཅིག་ཏུ་བདེན་པ་མ་རེད་ཅེས་ཚུལ་སྤེལ་འདུག

ཀུན་གསལ་གསར་ཁང་གིས་དོན་དམ་གྱི་བདེན་པ་ནི་འབྲུག་མོ་རྣམས་སྐྱེས་པ་ལྟར་འོས་འདེམས་ལ་མཉམ་ཞུགས་བྱ་རྒྱུ་ཡིན་ཞེས་མདུན་དུ་ཐོན་ཐུབ་པའི་གདེང་སྤོབས་མེད་པ་དང་དོགས་བདེ་པོ་ཡོང་གི་མེད་པས་རེད། དེ་བཞིན་སྤྱི་ཚོགས་ཀྱང་སྐྱེས་པའི་དབང་ལ་བསྒྱུར་ལ་གོམས་ཏེ་བུད་མེད་ཚོར་འགོ་ཁྲིད་ཀྱི་ནུས་པ་ཡོད་པའི་ཡིད་ཆེས་མ་བསླེབས། རྒྱལ་པོ་མཆོག་གིས་བསྐོ་བཞག་དང་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བའི་བུད་མེད་ཚོར་འཇོན་ཐང་དང་ནུས་པ། གདེང་སྤོབས་དང་བྱམས་བརྩེ་བཅས་ལྡན་པ་ར་འཕྲོད། ཧ་ཅང་ཕངས་པ་ཞིག་ལ་འབྲུག་ཡུལ་དུ་བུད་མེད་ཚོས་འགོ་ཁྲིད་ཀྱི་གོ་གནས་འཛིན་ཐུབ་པའི་ཡིད་ཆེས་མེད་པ་དང་བུད་མེད་ཀྱི་འགོ་ཁྲིད་རྣམས་བདེ་བླག་ཏུ་ངོས་ལེན་མི་བྱེད་པའི་བསམ་བློའི་འདུ་ཤེས་ཤིག་དར་ཡོད་པ་བསྒྱུར་ཐུབ་ཀྱི་མེད་པ་ཤིན་ཏུ་གསལ། འབྲུག་ཡུལ་གྱི་བུད་མེད་ནུས་སྟོབས་གོང་འཕེལ་ཞིབ་འཇུག་ཁང་གིས་ལོ་མང་རིང་ཞིབ་འཇུག་དང་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ལ་རྒྱབ་སྐྱོར། བུད་མེད་རྣམས་ཆབ་སྲིད་ལ་ཞུགས་ཏེ་འགོ་ཁྲིད་ཀྱི་གྲས་སུ་སླེབས་དགོས་པའི་ལས་དོན་བསྒྲུབས་པའི་ཉམས་མྱོང་ལ་གཞིགས་ཚེ། གོང་རིམ་ནས་དམའ་རིམ་བར་དུ་སྤྱི་ཚོགས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་དང་ལྟ་སྟངས་རྣམས་བསྒྱུར་ཏེ་བུད་མེད་འགོ་ཁྲིད་ཚོར་ངོས་ལེན་བྱ་དགོས་པའི་ཁྲིམས་དང་སྒྲིག་གཞི་ཞིག་དགོས་ཀྱི་འདུག དེ་ལྟར་བྱུང་ན་འབྲུག་ཡུལ་དུ་བུད་མེད་འགོ་ཁྲིད་འབྱུང་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་ཡར་རྒྱས་གཏོང་ཐུབ་ཅེས་གནས་ཚུལ་སྤེལ་འདུག

ཀུན་གསལ་གསར་ཁང་གིས་འབྲུག་ཡུལ་གྱི་བུད་མེད་རྣམས་ཆབ་སྲིད་ལ་ཞུགས་ཐུབ་པའི་ཐབས་ལམ་མཆོག་ཏུ་གྱུར་པ་ནི་ལོ་ལྔ་རེའི་མཚམས་སུ་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་འོས་བསྡུ་བྱེད་ཀྱི་ཡོད་པ་དེའི་སྐབས་སུ་བུད་མེད་རྣམས་མཉམ་ཞུགས་བྱེད་ཐུབ་པའི་མཐུན་རྐྱེན་དང་སྲིད་ཇུས་ཤིག་གཏན་འབེབས་བྱ་དགོས། གལ་སྲིད་འབྲུག་ཡུལ་གྱི་དབུས་འོས་བསྡུ་ལྷན་ཁང་གིས་སྲིད་དོན་ཚོགས་པ་ཚང་མར་ཉུང་མཐའ་ཡང་བུད་མེད་འོས་མི་འགྲན་ཞུགས་པ་བརྒྱ་ཆ་༣༣་དགོས་པའི་སྒྲིག་གཞི་ཞིག་གཏན་འབེབས་བྱུང་ན་སྲིད་དོན་ཚོགས་པ་ཁག་གིས་བུད་མེད་འོས་མི་འཚོལ་ངེས་རེད། ཁོ་ཚོས་དང་བླངས་ཐོག་ཏུ་གཞུང་གི་ཚད་གཞི་ལྟར་བུད་མེད་འོས་མི་བཙལ་ཏེ་ཕོ་མོ་དབྱེར་མེད་ཀྱི་ལམ་སྲོལ་གསར་པ་ཞིག་ཚུགས་ཐུབ། སྲིད་གཞུང་གིས་བུད་མེད་འོས་མི་ཚང་དགོས་པའི་བརྒྱ་ཆ་ཞིག་གཏན་འབེབས་བྱས་རྗེས་སྲིད་དོན་ཚོགས་པ་ཁག་གིས་བུད་མེད་འོས་མི་བཙལ་བ་དང་རྙེད་ཀྱི་མི་འདུག་ཅེས་ལན་ཁག་དཀྲི་ས་རྙེད་ཀྱི་མ་རེད། སྲིད་དོན་ཚོགས་པ་ཁག་ནི་ཆབ་སྲིད་ཀྱི་སྒོ་སྲུང་ལྟ་བུ་ཞིག་ཡིན་ཞིང་། སྲིད་དོན་ཚོགས་པ་ཁག་གིས་བུད་མེད་ཚོ་ཆབ་སྲིད་ལ་འགྲན་ཞུགས་བྱེད་དུ་བཅུག་ན་མི་དམངས་ལའང་གདམ་ཀ་མང་དུ་སོང་སྟེ་བུད་མེད་རྣམས་འདེམས་ཐོན་འབྱུང་ཐུབ་རྒྱུ་བརྗོད་ཅི་དགོས། འཛམ་གླིང་རྒྱལ་ཁབ་གཞན་ཁག་གི་སྲིད་དོན་ཚོགས་པ་མང་པོར་བུད་མེད་འོས་མིའི་བརྒྱ་ཆ་ཚད་བཀག་ཡོད་པས་བུད་མེད་རྣམས་ཆབ་སྲིད་ལ་ཞུགས་ཐུབ་པའི་ཕན་ཐོགས་བྱུང་འདུག་ཅེས་བཀྲལ།།

འབྲུག་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ལ་འཐུས་མི་༤༧་ཀྱི་གདན་གྲངས་ཡོད་པ་དང་འབྲུག་གི་རྩ་ཁྲིམས་སུ་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མིའི་གདན་གྲངས་༥༥་བར་དུ་སྤར་ཆོག་ཅེས་འཁོད། འབྲུག་ཡུལ་གྱི་གྲོས་ཚོགས་གོང་མར་འཐུས་མི་༢༠་ཐམ་པའི་གདན་གྲངས་ཡོད་པ་དང་༢༠༠༨་ཀྱི་ཕྱི་ཟླ་༣་པའི་ཚེས་༢༤་ཉིན་འབྲུག་ཡུལ་དུ་དམངས་གཙོའི་འོས་འདེམས་ཐེངས་དང་པོ་བྱུང་། སྐབས་དེར་འཇིགས་མེད་འཕྲིན་ལས་ཀྱིས་འགོ་ཁྲིད་པའི་འབྲུག་ཕུན་སུམ་ཚོགས་པར་གྲོས་ཚོགས་འཐུས་མི་༤༥་ཡི་གདན་གྲངས་ཐོབ། འབྲུག་དམངས་གཙོ་ཚོགས་པར་འཐུས་མི་གཉིས་ཀྱི་གདན་གྲངས་ཐོབ། ད་ལྟ་འབྲུག་ཡུལ་དུ་སྲིད་དོན་ཚོགས་པ་༦་ཡོད་པ་དང་༢༠༢༣་ལོར་འབྲུག་ཡུལ་དུ་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ནམ་བྱ་རྒྱུ་ཡིན་མིན་གྱི་ཚེས་གྲངས་གསལ་བསྒྲགས་བྱས་མེད་ཀྱང་སྲིད་དོན་ཚོགས་པ་ཚང་མས་རང་གི་འོས་མི་རྣམས་འདེམས་བསྐོ་དང་སྲིད་དོན་ཚོགས་པའི་རྩ་འཛིན་ཁག་གསལ་བསྒྲགས། འབྲུག་པ་ཚོ་དམངས་གཙོའི་འོས་འདེམས་ལ་མཉམ་ཞུགས་བྱས་ནས་ཐོབ་ཐང་ལེན་པ་དང་ལས་འགན་སྒྲུབ་པ་གཉིས་ཀར་གཞོལ་དགོས་པའི་ལས་འགུལ་སྤེལ་རྒྱུ་མགོ་བརྩམས། ལྷག་པར་དུ་འབྲུག་རྟེན་འབྲེལ་ཚོགས་པས་རང་གི་འོས་མིའི་གྲས་སུ་བུད་མེད་འགྲན་ཞུགས་པ་ཡོང་ཐུབ་པའི་འབད་བརྩོན་དང་རྫོང་ཁག་ཚང་མ་ནས་འོས་མི་དྲག་འདེམས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཀུན་གསལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། གྲོས་ཚོགས་དང་ལས་གནས་ཁག་ཏུ་བུད་མེད་ལ་གདན་ཐོབ་ཟུར་འཇོག་བྱས་ན་འཇོན་ཐང་མེད་པ་དང་ནུས་པ་མེད་པའི་བུད་མེད་ཚོས་གོ་གནས་མཐོན་པོ་འཛིན་རྒྱུ་རེད་ཅེས་ལོག་རྟོགས་དང་ཕྱོགས་ལྷུང་གི་ལྟ་བ་ཞིག་འཛིན་གྱི་ཡོད་པ་འདོར་དགོས། འཛམ་གླིང་ཡོངས་སུ་འཇོན་ཐང་མེད་པ་དང་ལས་དོན་སྒྲུབ་མི་ཐུབ་པའི་སྐྱེས་པ་ཇི་སྙེད་ཅིག་ཡང་ནས་ཡང་དུ་འདེམས་ཐོན་འབྱུང་གི་ཡོད་ཀྱང་དེ་དག་ལ་དོགས་གཅོད་ཙམ་ཡང་མི་བྱེད་པར་བུད་མེད་ལ་འཇོན་ཐང་ཡོད་མེད་རྟག་ཏུ་དོགས་གཅོད་བྱེད་དོན་ཅི་རེད། སྐྱེས་པར་འཇོན་ཐང་ཡོད་མེད་བརྟག་དཔྱད་བྱེད་མཁན་མེད་ཀྱང་བུད་མེད་ལ་ཆེ་ཤེལ་བཙུགས་ནས་བརྟག་དཔྱད་བྱེད་པའི་ལམ་སྲོལ་ཞིག་འདུག དེར་བརྟེན་བུད་མེད་ཚོས་སྐྱེས་པ་ལས་འབད་བརྩོན་ཤུགས་ཆེ་བ་བྱ་དགོས་པས་སྐྱེས་པ་ལས་བུད་མེད་ལ་འགོ་ཁྲིད་ཀྱི་ནུས་པ་ཡག་ག་ཐོན་གྱི་ཡོད་པ་རེད། བུད་མེད་ཚོ་འབྲུག་ཡུལ་གྱི་ཆབ་སྲིད་ལ་མཉམ་ཞུགས་བྱེད་ཐུབ་པའི་ཆ་རྐྱེན་གཞན་པ་ཞིག་དབུས་འོས་བསྡུ་ལྷན་ཁང་གིས་བུད་མེད་ཚོ་ཆབ་སྲིད་ལ་ཞུགས་པར་གྲོས་ཚོགས་གོང་མའི་འཐུས་མི་ཞིག་ཏུ་འགྱུར་བ་ལོ་བཅུའི་ཉམས་བསགས་དགོས་པའི་ཆ་རྐྱེན་ལོ་ལྔར་ཉུང་དུ་གཏོང་རྒྱུ་དང་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་ཞིག་ཏུ་འགྱུར་བར་ལོ་ལྔའི་ཉམས་མྱོང་བསགས་དགོས་པ་ལོ་གསུམ་ལ་ཉུང་དུ་གཏོང་དགོས། འབྲུག་ཡུལ་གྱི་འགོ་ཁྲིད་ཚོར་ཆབ་སྲིད་ཀྱི་འདུན་པ་ཡོད་ན་སྲིད་གཞུང་དང་སྲིད་དོན་ཚོགས་པ་ཁག སྒེར་གྱི་བཟོ་ཚོང་ལས་ཁང་སོགས་ཀྱི་ལས་གནས་ཁག་ཏུ་སྐྱེས་པ་དང་བུད་མེད་གཉིས་ཀྱི་གང་གིས་ཀྱང་བརྒྱ་ཆ་༦༠་བརྒལ་མི་ཆོག་པ་དང་བརྒྱ་ཆ་༤༠་ལས་ཉུང་མི་ཆོག་པའི་སྒྲིག་གཞི་ཞིག་གཏན་འབེབས་བྱེད་ཐུབ་ཅེས་རྩོམ་ཡིག་སྤེལ་འདུག

XS
SM
MD
LG