ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་རྒྱ་བལ་འབྲུག་འབྲས་བཞིར་མིག་ལྟ།


བལ་ཡུལ་གྱི་ཉམས་ཞིབ་པ་སློབ་དཔོན་པི་ཀཱ་རེལ་གྱིས་ཞིས་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་གིས་བལ་ཡུལ་དང་འབྲུག འབྲས་ལྗོངས་བཅས་ལ་བཟང་བསྟོད་བྱས་ནས་རང་ཕྱོགས་སུ་འགུགས་ཐབས་དང་དེ་ཚོ་ཕྱིའི་སྟོབས་ཆེན་རྒྱལ་ཁབ་ཁག་གི་བཀོད་ཇུས་འོག་ཏུ་མི་ཚུད་པ། བལ་འབྲུག་འབྲས་གསུམ་གྱི་ས་ཁམས་ཆགས་ཡུལ་རྣམས་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཁ་གཏད་གཅོག་པར་འཐབ་ཇུས་ཀྱི་ལག་ཆ་ཞིག་ལ་འགྱུར་དུ་འཇུག་མི་ཉན་པ་གཙོ་འདོན། ཨ་མི་རི་ཀས་རྒྱ་ནག་བཀག་སྐྱིལ་གྱི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པར་རྒྱ་གར་གྱིས་མཉམ་འབྲེལ་བྱས་ན་དགེ་མཚན་མེད་པའི་ཉེན་བརྡ་དྲག་པོ་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཤིག་འཛིན་གྱི་འདུག་ཅེས་རྩོམ་ཡིག་བྲིས་འདུག ཕྱི་ཟླ་དང་པོའི་ཚེས་༦་ཉིན་དར་འཕྲིན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༡་ནས་བདུན་ཕྲག་སྔོན་མའི་བར་དུ་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་རྟག་ཏུ་ཉམས་ཞིབ་པ་དང་མཁས་པ་ཚོས་རྩོམ་ཡིག་དང་བསམ་ཚུལ་མང་པོ་བྲིས་ནས་ལྷོ་ཨེ་ཤི་ཡའི་ནང་ཁུལ་དང་དེའི་ཕྱི་ལོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གོ་བརྡ་གསལ་པོ་ཞིག་བཏང་འདུག རྒྱ་ནག་དམར་ཤོག་ཚོགས་པའི་གསར་ཤོག་དེས་གང་ཟག་སྒེར་གྱིས་བྲིས་པའི་རྩོམ་ཡིག་དང་བསམ་ཚུལ་དེ་དག་ལ་མོས་མཐུན་ཡོད་པའི་ཆེད་བརྗོད་སྤེལ། གོ་ལའི་དུས་བབ་ཚགས་པར་ལ་ཐོན་པའི་བསམ་ཚུལ་དང་རྩོམ་ཡིག་ཁག་ཏུ་༢༠༢༠་ལོར་རྒྱ་ནག་གི་ས་ཆ་ཧམ་འཕྲོག་བྱུང་སྟེ་འབྲོག་ལམ་གྱི་འཁྲུག་རྩོད་ལངས། རྒྱ་གར་གྱིས་བལ་པོའི་ལི་ཕུ་ལེ་དང་ཀ་ལ་པ་ནི་སོགས་ཀྱང་ཧམ་འཕྲོག་བྱེད་ཀྱི་ཡོད་པར་དོགས་ཟོན་བྱ་དགོས་ཞེས་འཁོད།།

རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་ཉེ་བའི་ལོ་ཤས་ནས་རྒྱ་གར་གྱིས་རྒྱ་དཀར་ནག་དང་བལ་ཡུལ་གསུམ་འདྲེས་མཚམས་ཀྱི་ས་ཆ་ཧམ་འཕྲོག་བྱ་རྒྱུ་ཤུགས་ཆེ་རུ་བཏང་སོང་། རྒྱ་གར་གྱིས་ཀ་ལ་པ་ནིའི་མངའ་ཁུལ་ཡོངས་སུ་དམག་དཔུང་བཀྲམ་ཡོད་པར་མ་ཟད། དམག་གྲངས་ཀྱང་མང་དུ་བཏང་ཡོད་པའི་གནས་ཚུལ་ཐོན་སོང་། རྒྱ་ནག་གིས་རྒྱ་དཀར་ནག་གཉིས་དང་བལ་ཡུལ་གསུམ་འདྲེས་མཚམས་ཀྱི་རང་གི་ས་ཐོག་ཏུ་རྒྱ་ལམ་ཞིག་འཛུགས་སྐྲུན་བྱས་ཀྱང་རྒྱ་གར་གྱིས་དེ་ལ་ངོ་རྒོལ་དྲག་པོ་བྱས་པ་རེད། རྒྱ་གར་ཁྲིམས་འགལ་ཐོག་ཏུ་ས་མཚམས་བརྒལ་ནས་རྒྱ་ནག་གི་ས་ཐོག་ཏུ་ཧམ་འཛུལ་བྱས་པས་འབྲོག་ལམ་གྱི་ཛ་དྲག་བྱུང་བ་རེད། རྒྱ་གར་གྱིས་བལ་པོའི་ས་ཆ་ཧམ་འཕྲོག་བྱས་པ་ནི་སྲིད་བློན་དྷུ་བྷེའི་གཞུང་གིས་རྒྱ་གར་ལ་ཕྱོགས་འཛིན་གྱི་ཕྱི་སྲིད་ཅིག་བཟུང་བའི་མཇུག་འབྲས་རེད་ཅེས་བཀྲལ། རྒྱ་ནག་གི་ཧྥུ་ཏན་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་སློབ་གླིང་གི་སློབ་དཔོན་ལིན་མིན་ཝང་གིས་རྒྱ་ནག་གིས་རྒྱ་གར་ལ་དོགས་ཟོན་ནན་པོ་བྱ་དགོས་པའི་རྒྱུ་མཚན་ཡོད། ༡༩༦༢་ལོའི་རྒྱ་དཀར་ནག་གི་དམག་འཁྲུག་དུས་སུ་རྒྱ་གར་གྱིས་འབྲས་ལྗོངས་བ་ཚོར་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་འབྲས་ལྗོངས་སུ་དམག་དཔུང་ཕོན་ཆེན་དྲངས། དེ་ནས་རྒྱ་གར་གྱི་དམག་དཔུང་རྣམས་འབྲས་ལྗོངས་ནས་ཕྱིར་འཐེན་མ་བྱས་པར་འབྲས་ལྗོངས་ཧམ་ཟ་བྱས་རེད། བལ་ཡུལ་གྱིས་རང་གི་ས་ཐོག་ཏུ་ཡོད་པའི་རྒྱ་གར་གྱི་དམག་དཔུང་ཕྱིར་འཐེན་བྱ་དགོས་ཞེས་ནན་སྐུལ་བྱས་མ་ཐུབ་པའི་རྐྱེན་གྱིས་ཀ་ལ་པ་ནི་ས་ཁུལ་གྱི་བལ་པོའི་ས་ཆ་རྒྱ་གར་བས་བཙན་གྱིས་ཕྲོགས། རྒྱ་གར་གྱིས་ཨ་རི་རྒྱབ་རྩར་བཀུག་སྟེ་ཆེད་མངགས་རྒྱ་ནག་གི་ས་མཚམས་སུ་མཉམ་འབྲེལ་དམག་སྦྱོང་བྱས་པ་རེད་ཅེས་སྐྱོན་བཙུགས།།

རྒྱ་ནག་དམར་ཤོག་ཚོགས་པའི་གོ་ལའི་དུས་བབ་ཚགས་པར་ལ་༢༠༡༨་ལོར་སྲིད་དབང་བཟུང་བའི་འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་ནི་སྲིད་གཞུང་སྔོན་མ་ཁག་གི་འགོ་ཁྲིད་ཚོ་དང་བསྡུར་ན་དམིགས་ཡུལ་མ་འདྲ་བ་འཛིན་མཁན་ཞིག་རེད་ཅེས་ཆེད་རྩོམ་སྤེལ། ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༢༥་ཉིན་རྒྱ་གར་གྱི་ཧིན་རྡུ་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འབྲུག་པའི་རྒྱལ་པོ་བཞི་པ་འཇིགས་མེད་སེངྒེ་དབང་ཕྱུག་གིས་༡༩༩༩་ལོར་རྒྱ་ནག་གིས་འབྲུག་ཡུལ་ལ་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་འདུག་ཅེས་རྒྱ་གར་ལ་ནང་མོལ་བྱས་ནས་ཉེན་བརྡ་བཏང་ཞིང་། རྒྱལ་པོ་འཇིགས་མེད་སེངྒེ་དབང་ཕྱུག་གི་ནང་མོལ་ཉེན་བརྡ་དེ་༢༠༡༧་ལོར་འབྲོག་ལམ་ས་ཁུལ་དུ་རྒྱ་དཀར་ནག་གི་དམག་དཔུང་གདོང་ཐུག་འབྱུང་གྲབས་བྱས་ནས་མངོན་སུམ་དུ་གྱུར། དེའི་རྗེས་སུ་རྒྱ་ནག་གིས་ས་མཚམས་ཁག་ཏུ་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་ཤུགས་ཆེ་རུ་བཏང་བ་དང་ལྡི་ལི་གསར་པས་ཀསྨིར་ཚུད་པའི་གནད་དོན་མང་པོའི་ཐོག་ཏུ་སྲིད་ཇུས་མཁྲེགས་པོ་བཟུང་། ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཕྱི་སྲིད་བཙན་པོ་བཟུང་སྟེ་ལས་དོན་འཐུས་ཤོར་བྱུང་བ་རེད་ཅེས་རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་དྷུ་ལ་ཏས་བྲིས་པའི་དཔེ་དེབ་ཏུ་གསལ། སྐུ་ཞབས་དྷུ་ལ་ཏའི་དཔེ་དེབ་ཏུ་འབྲུག་རྒྱལ་པོ་འཇིགས་མེད་སེངྒེ་དབང་ཕྱུག་ནས་རྒྱ་ནག་གིས་ང་ཚོར་གནོན་ཤུགས་ཆེན་པོ་བྱེད་ཀྱི་འདུག གལ་སྲིད་རྒྱ་གར་གྱིས་འབྲུག་ཡུལ་ལ་གནོན་འཚིར་བྱ་རྒྱུ་ཐལ་དྲགས་ན་གང་ཅིའི་གནས་སྟངས་སྡུག་ཏུ་འགྲོ་ངེས་རེད། འབྲུག་ཡུལ་དམངས་གཙོར་འགྱུར་ན་རྒྱ་ནག་ལ་འབྲེལ་བ་བྱ་དགོས་ཞེས་གླེང་སློང་འབྱུང་རྒྱུ་ཤུགས་ཆེ་རུ་འགྲོ་ཤས་ཆེ་ཞེས་བཤད་པའི་སྐད་ཆ་རྣམས་ལུང་དྲངས། སྐབས་དེའི་འབྲུག་རྒྱལ་པོའི་སྐད་ཆའི་གོ་དོན་ནི་རྒྱ་ནག་གིས་འབྲུག་ཡུལ་ལ་ས་མཚམ་ཀྱི་གནད་དོན་ཁག་ཐག་གཅོད་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པར་གོ་དགོས་པའི་གསལ་བཀྲོལ་བྱས་འདུག

དར་འཕྲིན་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་ཉེ་ཆར་བལ་ཡུལ་ལ་སྤྱི་ཡོངས་འོས་བསྡུ་བྱས་ནས་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་པུ་ཤ་པ་ཀ་མལ་དྷལ་འདེམས་ཐོན་བྱུང་། འདི་ནི་བལ་ཡུལ་གྱི་དམར་ཤོག་ཚོགས་པ་དང་ཤར་མ་ཨོ་ལིས་འགོ་ཁྲིད་པའི་བལ་ཡུལ་གྱི་མར་ཁེ་སི་དང་ལེ་ཉིན་རིང་ལུགས་ཀྱི་ཚོགས་གཉིས་མཉམ་འབྲེལ་བྱུང་སྟེ་ཐུན་མོང་གི་སྲིད་དབང་བཟུང་། ཁོ་ཚོས་རང་གི་ལྟ་གྲུབ་བཟུང་ནས་བཙན་རྒྱལ་རིང་ལུགས་དང་གཙོ་བདག་རིང་ལུགས། མངའ་ཁུལ་གྱི་རྒྱ་སྐྱེད་རིང་ལུགས་བཅས་ལ་ངོ་རྒོལ་བྱས་པ་མཚོན་ཐུབ་ཅེས་རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་མར་ཁེ་སི་རིང་ལུགས་ཉམས་ཞིབ་པ་ཝང་ཇིང་གིས་བལ་པོའི་སྲིད་གཞུང་གསར་པར་བསྔགས་བརྗོད་ཀྱི་རྩོམ་ཡིག་བྲིས། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་ཨ་མི་རི་ཀའི་སྟོང་ལོ་གསར་པའི་དཀའ་ངལ་ལ་མཉམ་འབྲེལ་གྱིས་གདོང་ལེན་ཟེར་བའི་གྲོས་གཞིའི་ནང་དུ་བལ་ཡུལ་ལ་དམག་དོན་གྱི་མཉམ་འབྲེལ་བ་བཙུགས་རྒྱལ་ཁབ་དེར་སྟངས་འཛིན་བྱ་རྒྱུའི་ལྐོག་ཇུས་བཤམས་འདུག ཉེ་བའི་ལོ་ཤས་ཤིག་ནས་ཨ་རིའི་སྟོབས་ཤུགས་རྣམས་ཕྱོགས་མང་པོ་ཞིག་ནས་བལ་ཡུལ་དུ་ཁྱབ་སྟེ་རྒྱལ་ཁབ་དེའི་ཆབ་སྲིད་ལ་ཁ་ལོ་བསྒྱུར་ཐབས་བྱུང་ཞིང་། ཨ་མི་རི་ཀས་བལ་ཡུལ་གྱི་ས་བབ་ཆགས་ཡུལ་མཐོན་པོ་ཡིན་པ་དེ་ལྷོ་ཤར་ཨེ་ཤི་ཡ་དང་ལྷོ་ཨེ་ཤི་ཡ། དབུས་ཨེ་ཤི་ཡ་དང་རྒྱ་གར་རྒྱ་མཚོ། ཐ་ན་ཏ་ཟིག་མཚོ་ཁུག་བཅས་ལ་དམིགས་ནས་འཕུར་མདེལ་འཛུགས་ས་ཞིག་ཏུ་བསྒྱུར་རྩིས་བྱས་པ་རེད། ཨ་རིས་ཐེ་གཏོགས་བྱས་ནས་བལ་ཡུལ་གྱི་ཆབ་སྲིད་རང་བཙན་ལ་དོ་ཕོག་ཆེན་པོ་བྱུང་སོང་ཞེས་བཀོད།།

རྒྱ་གར་གྱི་ཧིན་རྡུ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ༡༩༨༤་ནས་འབྲུག་ཡུལ་དང་རྒྱ་ནག་གཉིས་རྩོད་གཞི་ཅན་གྱི་ས་མཚམས་ས་ཁུལ་དེར་གྲོས་མོལ་ཐེངས་༢༤་བྱུང་། འབྲོག་ལམ་དང་ཇ་མཁར་ལ། དཔག་བསམ་ལའི་རྩོད་གཞི་རྣམས་སེལ་བར་གྲོས་མོལ་བྱས་ཀྱང་གྲུབ་འབྲས་མ་ཐོན། རྒྱ་གར་གཞུང་གིས་འབྲུག་ཡུལ་དང་རྒྱ་ནག་གི་གྲོས་མོལ་ལ་འཐད་པ་མེད་པའི་རྣམ་འགྱུར་བསྟན་པའི་རྗེས་སུ་ལོ་མང་རིང་གྲོས་མོལ་མཚམས་ཆད། ༢༠༢༡་ལོར་འབྲུག་ཡུལ་དང་རྒྱ་ནག་གིས་ཕྱོགས་གཉིས་ཀྱི་ས་མཚམས་ཁག་གི་འགལ་ཟླ་སེལ་བར་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ཞེས་པ་ཞིག་ལ་མིང་རྟགས་བཀོད། ༢༠༢༢་ལོའི་ཕྱི་ཟླ་༦་པའི་ཚེས་༡༦་ཉིན་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེས་འབྲུག་ཡུལ་དང་རྒྱ་ནག་གཉིས་ཀྱིས་གྲོས་མོལ་བྱས་ཀྱང་རྒྱ་གར་ལ་འབྲོག་ལམ་གྱི་སུམ་འདྲེས་མངའ་ཁུལ་དུ་ཁེ་ཕན་ཡོད་པ་རྣམས་བློས་གཏོང་བའམ། ཡང་ན་དེ་ལ་གུ་བཤངས་ནམ་ཡང་འབྱུང་མི་སྲིད་ཅེས་རྒྱ་གར་གཞུང་ལ་བློ་འཚབ་ཡོད་པར་ཞི་འཇགས་འབྱུང་ཐབས་སུ་འབད། ཁོང་གིས་ཁྱིམ་མཚེས་རྒྱལ་ཁབ་ཚོས་སྔོན་གྱི་ཉམས་མྱོང་ལ་གཞིགས་ནས་རྩོད་གཞི་རྣམས་སེལ་ཐུབ་པའི་ལམ་ཞིག་འཚོལ་དགོས། འབྲུག་ཡུལ་དང་རྒྱ་ནག་གཉིས་ཀྱིས་འབྲོག་ལམ་གྱི་སུམ་འདྲེས་ས་ཁུལ་གྱི་རྩོད་གཞི་རྣམས་མྱུར་དུ་སེལ་ཐུབ་པའི་རེ་བ་འཆང་ཡོད་ཅེས་རྒྱ་གར་གྱི་གསར་འགོད་པ་ཚོར་གླེང་མོལ་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG