ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༣/༠༢/༠༦

ལ་དྭགས་ཀྱི་ས་ཆ་དང་རིག་གཞུང་སྲུང་སྐྱོབ་ཚོགས་ཆུང་གསར་འཛུགས།


༄༅།། རྒྱ་གར་གཞུང་གིས་ཇམ་མུ་ཀསྨིར་མངའ་སྡེ་ཧྲིལ་པོ་དབུས་ཐད་སྐྱོང་ས་ཁུལ་གཉིས་ལ་བསྒྱུར་པའི་རྗེས་སུ་ལ་དྭགས་པ་ཚོས་རང་གི་ས་གནས་ཀྱི་ལས་ཀའི་ཐོབ་ཐང་དང་ས་ཆའི་བདག་དབང་། རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་རྣམས་ས་གནས་མི་དམངས་ལ་སྤྲོད་དགོས་ཞེས་དགོས་འདུན་བཏོན། ཕྱི་ཟླ་དང་པོའི་ཚེས་༣་ཉིན་རྒྱ་གར་གྱི་སི་ཊེ་ཊི་སི་མན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ནང་སྲིད་ལྷན་ཁང་གི་མཐོ་རིམ་ལས་སྣེ་ནི་ཏབ་ཨ་ནན་ཏ་ར་ཡེས་འགོ་ཁྲིད་པའི་ཚོགས་ཆུང་ཞིག་ཟུར་དུ་བཙུགས་ཏེ་ལ་དྭགས་པའི་སྐད་ཡིག་དང་རིག་གཞུང་། ས་ཆའི་བདག་དབང་། ས་གནས་མི་དམངས་ལ་ལས་ཀའི་གོ་སྐབས་ཐོབ་ཐབས། གླེ་དང་མཁར་དཀྱིལ་གཙོ་བོར་གྱུར་པའི་ལ་དྭགས་ཀྱི་རི་ཁུལ་ས་གནས་གཉིས་ལ་འཛུགས་སྐྲུན་ཡར་རྒྱས། ལ་དྭགས་ནི་རྒྱ་གར་གྱི་དམག་དོན་འཐབ་ཇུས་ལ་གནད་འགག་ཆེན་པོ་ཡིན་པ་བཅས་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་མིན་ཐད་ཚོགས་ཆུང་ལོགས་སུ་བཙུགས་ནས་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། རྒྱ་གར་གྱི་ནང་སྲིད་ལྷན་ཁང་གི་བཀོད་ཁྱབ་དེར་ནི་ཏབ་ཨ་ནན་ཏ་ར་ཡེས་འགོ་ཁྲིད་པའི་ཞིབ་འཇུག་ཚོགས་ཆུང་ལ་དབང་ཚད་ཆེན་པོ་ཡོད། ཚོགས་ཆུང་གི་འཐུས་མི་ཚོས་ལ་དྭགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག ས་ཁམས་ཆགས་ཡུལ་སོགས་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་མིན་གྲོས་སྡུར་བྱེད་བཞིན་ཡོད་ཅེས་འཁོད།།

ཚོགས་ཆུང་དེར་ལ་དྭགས་ཀྱི་སྤྱི་ཁྱབ་གཞོན་པ་ཨར་ཀེ་མ་ཐུར་དང་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ། ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་ཟུར་པ་ཐུབ་བསྟན་ཚེ་དབང་། གླེ་དང་མཁར་དཀྱིལ་རི་ཁུལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཐུབ་བསྟན་ཚེ་དབང་དང་བློན་ཆེན་ཟུར་པ་འཇོ་ར་ངག་དབང་རིག་འཛིན། གླེའི་ཁ་ཆེའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་ཤ་རབ་ཨ་ལི་བྷར་ཆ། ལ་དྭགས་ཀྱི་ནང་པའི་དགོན་སྡེ་ཁག་གི་ཚོགས་གཙོ་ཨཅྱར་བསྟན་འཛིན་དབང་གྲགས་སོགས་མི་༡༧་ཡོད་ཅིང་། ལ་དྭགས་ཀྱི་རི་ཁུལ་འཛུགས་སྐྲུན་རང་སྐྱོང་ས་ཁུལ་གྱི་འཐུས་མི་ཚོས་ས་གནས་དེའི་ས་ཆ་དང་ལས་ཀའི་གོ་སྐབས། རིག་གཞུང་སྲུང་སྐྱོབ་ཀྱི་དབང་ཚད་ས་གནས་མི་དམངས་ལ་སྤྲོད་དགོས། རྒྱ་གར་གཞུང་གིས་ལ་དྭགས་ལ་མངའ་སྡེའི་གནས་ཐོབ་སྤྲོད་དགོས་ཞེས་གྲོས་ཆོད་ཐེངས་གཉིས་བཞག ༢༠༡༩་ལོར་སྲིད་བློན་མོ་དྷིའི་གཞུང་གིས་ཇམ་མུ་ཀསྨིར་གྱི་མངའ་སྡེའི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་ཞིག་ཏུ་བསྒྱུར། ལ་དྭགས་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་དུ་གྱུར་པའི་རྗེས་སུ་འཛུགས་སྐྲུན་དང་དཔལ་འབྱོར། ཚོང་ལས་སོགས་ཡར་རྒྱས་འགྲོ་བཞིན་ཡོད་ཀྱང་ས་གནས་དེའི་མི་མང་གི་ལས་ཀའི་གོ་སྐབས་དང་རིག་གཞུང་གཅེས་འཛིན། ས་ཆའི་བདག་དབང་རྣམས་སྲུང་སྐྱོབ་ཀྱི་ཐོབ་ཐང་རྣམས་བརླགས། རྒྱ་གར་གྱི་མངའ་སྡེ་ཁག་ལ་རང་གི་ས་ཆའི་བདག་དབང་ཡོད་པ་རྣམས་ལ་དྭགས་ལ་མེད་པར་གྱུར་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༢༩་ཉིན་ཀསྨིར་ཆེན་པོ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྔོན་ཆད་ལ་དྭགས་ཀྱི་ཁ་ཆེ་ཚོ་ཇམ་མུ་ཀསྨིར་མངའ་སྡེའི་ཁོངས་སུ་གནས་འདོད་ཡོད་ཀྱང་ལ་དྭགས་ཀྱི་ནང་པ་ཚོས་རང་གི་ས་གནས་དེ་རྒྱ་གར་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་ཞིག་ཏུ་བསྒྱུར་རྒྱུའི་འདུན་པ་བཏོན། ད་ལྟ་ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་གཉིས་ཀས་རང་གི་ས་གནས་དེར་དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་ཐོབ་མི་དགོས། ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་དགོས་ཞེས་ཁ་ཆེ་དང་ནང་པ་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རྒྱ་གར་དབུས་གཞུང་ལ་དགོས་འདུན་བཏོན་ཏེ་ལས་འགུལ་སྤེལ། འདི་ནི་ལ་དྭགས་ཀྱི་ཁ་ཆེ་དང་ནང་པ་ཚོ་མཉམ་འབྲེལ་གྱིས་ས་གནས་དེར་མངའ་སྡེའི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་སྤེལ་བ་ཐེངས་དང་པོ་ཡིན་ཞིང་། ཁོ་ཚོས་ལ་དྭགས་ལ་རྒྱ་གར་གྱི་རྩ་ཁྲིམས་སུ་ཐོབ་ཐང་ཡོད་པ་རྣམས་སླར་གསོ་བྱ་དགོས། ལ་དྭགས་ལ་གྲོས་ཚོགས་འཐུས་མིའི་གདན་གྲངས་འཐོལ་པ་སྤྲོད་དགོས་པ་དང་ལ་དྭགས་ཀྱི་ལས་ཀའི་གོ་སྐབས་རྣམས་ལ་དྭགས་པ་ཚོར་ཟུར་འཇོག་བྱ་དགོས་ཞེས་སྐད་འབོད་བྱས་འདུག ༢༠༢༠་ནས་བཟུང་སྟེ་ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་ཚོ་མཉམ་འབྲེལ་གྱིས་ངོ་རྒོལ་ལས་འགུལ་ཐེངས་གསུམ་སྤེལ། ཉེ་དུས་ཤིག་ནས་ལ་དྭགས་པ་རྣམས་སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པར་ཡིད་ཆེས་བརླག་གི་ཡོད་པའི་གནས་ཚུལ་ཐོན་འདུག

ལ་དྭགས་ཀྱི་ནང་པ་ཚོ་དང་ཁ་ཆེ་ཚོ་མཐུན་ལམ་མེད་པའི་འགག་རྩ་ནི་༡༩༦༡་ལོར་ནང་པ་ཚོས་མཁར་དཀྱིལ་ས་ཁུལ་དུ་ནང་པའི་དགོན་པ་ཞིག་བཞེང་རྩིས་བྱས་པར་ཁ་ཆེ་ཚོས་ངོ་རྒོལ་བྱས་ཤིང་། དེ་ནས་བཟུང་སྟེ་ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་ཚོའི་འབྲེལ་བ་སྡུག་ཏུ་སོང་། ལོ་རབས་༩༠་པའི་ནང་དུ་ལ་དྭགས་ཀྱི་ནང་པ་ཚོས་ཁ་ཆེ་རྣམས་འཇིགས་སྐུལ་རིང་ལུགས་ལ་དགའ་པོ་འདུག་ཅེས་ལོ་༤་ལ་འབྲེལ་བ་མ་བཙུགས་པར་འཁྲུག་རྩོད་ཐེངས་འགའ་ཞིག་བྱུང་བར་མ་ཟད། སྔ་ལོ་ཕྱོགས་སྐྱོང་དཔལ་དགའ་རིན་པོ་ཆེ་ཞེས་པའི་ལ་དྭགས་ཀྱི་བླ་མ་ཞིག་གིས་སླར་ཡང་མཁར་དཀྱིལ་ས་ཁུལ་དུ་ནང་པའི་དགོན་པ་ཞིག་གི་རྨང་རྡོ་འཛུགས་རྒྱུ་ཡིན་ཞེས་ལས་འགུལ་སྤེལ་བའི་རྗེས་སུ་འགལ་ཟླ་རྙིང་པ་དེ་བསྐྱར་དུ་བསླངས། ལ་དྭགས་ཀྱི་ཁ་ཆེ་ཚོས་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་གཞུང་འཛིན་ཚོགས་པའི་འགོ་ཁྲིད་ཚོས་བླ་མ་སྐུ་གཞོན་དེར་ངན་སྐུལ་བྱས་པ་རེད་ཅེས་དོགས་པ་ལངས། བྷི་ཇེ་པི་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་དང་ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལག་རུག་ཚེ་རིང་རྡོ་རྗེས་ས་ཆ་ནི་ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ས་ཆ་རེད། བླ་མ་དེས་དགོན་སྡེ་ཁག་ལ་གྲོས་སྡུར་མ་བྱས་པར་མཁར་དཀྱིལ་དུ་དགོན་པ་བཞེང་རྒྱུའི་ལས་འགུལ་སྤེལ་བ་རེད་ཅེས་བསྟན། དེང་སྐབས་ལ་དྭགས་ཀྱི་གནད་དོན་གལ་ཆེན་ཞིག་ལ་ཐུག་པའི་སྐབས་སུ་ནང་པ་དང་ཁ་ཆེ་ཚོས་ནང་ཁུལ་གྱི་འགལ་ཟླ་ཟུར་དུ་བཞག་སྟེ་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་རྩོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཀསྨིར་ཆེན་པོ་ཞེས་པའི་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་ཤིག་ནས་ལ་དྭགས་ཀྱི་ནང་པ་ཚོས་མངའ་སྡེའི་ཐོབ་ཐང་དགོས་ཟེར་གྱི་ཡོད་པ་དང་སྔོན་ཆད་ལ་དྭགས་ས་ཁུལ་དུ་རྒྱ་གར་དབུས་གཞུང་གིས་ཐད་ཀར་འཛིན་སྐྱོང་བྱ་དགོས་པའི་དགོས་འདུན་བཏོན་གཉིས་རྦད་དེ་རྒྱབ་འགལ་རེད་ཅེས་གནས་ཚུལ་སྤེལ། ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཚེ་རིང་ཕུན་ཚོགས་ཀྱིས་རྒྱ་གར་ལ་རང་བཙན་མ་ཐོབ་གོང་སྟེ། ༡༩༤༦་ལོ་ནས་ལ་དྭགས་ཀསྨིར་གྱི་ཁ་ཆེ་གྲངས་མང་གི་དབང་བསྒྱུར་འོག་ནས་ལོགས་སུ་ཐོན་དགོས་པའི་འབོད་སྐུལ་ཞུས་པ་ཡིན། ཀསྨིར་ལ་ཟིང་འཁྲུག་ལངས་ནས་འཇིགས་སྐུལ་རིང་ལུགས་ཀྱི་འཐབ་འཁྲུག་ཁག་གིས་ལ་དྭགས་ལ་འཛུགས་སྐྲུན་ཡར་རྒྱས་གཏོང་བའི་ལས་དོན་ཁག་ལ་འཐུས་ཤོར་གཏོང་གི་འདུག་ཅེས་བཤད་མོད། ད་ལྟ་ལ་དྭགས་ལ་དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་ཐོབ་ཀྱང་ལ་དྭགས་ཀྱི་ས་ཆའི་བདག་དབང་དང་ལས་ཀའི་གོ་སྐབས། ས་གནས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་རྣམས་གཅེས་འཛིན་གྱི་དབང་ཚད་རྣམས་ཤོར། ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་མ་སྤྲད་ན་མ་འོངས་པར་ཁེ་ཆེ་དང་ནང་པ་གཉིས་ཀར་གྱོང་གུད་ཆེན་པོ་འཕོག་རྒྱུ་ཡིན་པས་ཕྱོགས་གཉིས་ཀས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་ཀྱི་ཡོད་པ་རེད་ཅེས་བཤད། རྒྱ་གར་གྱི་ཐབས་ཇུས་ཉམས་ཞིབ་པ་ཕུན་ཚོགས་སྟོབས་ལྡན་གྱིས་ཀྱང་ལ་དྭགས་ཀྱི་གནད་དོན་ནི་བྷི་ཇེ་པི་གཞུང་འཛིན་ཚོགས་པར་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་ས་གནས་དེའི་གནད་འགག་ལ་གཞིགས་ནས་རྒྱ་གར་གཞུང་གིས་ལ་དྭགས་པ་ཚོར་བསྟུན་དགོས་ཐུག་གི་རེད་ཅེས་ས་གནས་དེར་མངའ་སྡེའི་ཐོབ་ཐང་སྤྲོད་དགོས་པའི་གོ་རྒྱུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG