ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

འབྲུག་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གིས་འོས་བསྡུར་སྟ་གོན། 


༄༅།། ༢༠༢༣་ལོ་འདིར་འབྲུག་ཡུལ་ལ་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་འོས་བསྡུ་བྱེད་ཀྱི་ཡོད་པ་དང་ཕྱི་ཟླ་དང་པོའི་ཚེས་༡༢་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་རྟེན་འབྲེལ་ཚོགས་པས་དབུས་གཞུང་གི་འོས་བསྡུ་ལྷན་ཁང་ལ་ཐོ་འགོད་བྱས་ནས་ལོ་འདིའི་རྒྱལ་ཡོངས་འོས་བསྡུ ཆེན་མོར་མཉམ་ཞུགས་བྱ་རྒྱུ་དང་འབྲུག་པ་ཚོར་འོས་ཤོག་འཕེན་སའི་གདམ་ཀ་གསར་པ་ཞིག་བསྐྲུན་ཏེ་སྲིད་དོན་ཚོགས་པ་ཞིག་མང་དུ་སོང་། འབྲུག་རྟེན་ཚོགས་པས་གཞུང་གི་སྒྲིག་འཛུགས་ཁག་ནི་རྒྱལ་ཁབ་ཡར་རྒྱས་གཏོང་རྒྱུ་དེར་གོ་རིམ་ལྡན་པའི་འགོག་རྐྱེན་ཞིག་ཏུ་གྱུར་ཡོད་པས་སྤྱི་དམངས་ལ་སྲི་ཞུ་ནུས་པ་ཐོན་པ་ཞིག་སྒྲུབ་ཐུབ་ཀྱི་མི་འདུག རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་རྒྱ་ལམ་དང་ཟམ་པ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ཡག་པོ་རེད། འབྲུག་ཡུལ་ལ་སྲིད་ཇུས་དང་ཆར་གཞི་གཏན་འབེབས་བྱས་ཟིན་པ་མང་པོ་འདུག འབྲུག་རྟེན་འབྲེལ་ཚོགས་པས་འཆར་གཞི་དང་སྲིད་ཇུས་དེ་རྣམས་ལག་ལེན་བསྟར་ནས་མང་ཚོགས་ལ་སྲི་ཞུ་བསྒྲུབ་རྒྱུའི་ཆོད་སེམས་བཙུགས་ཡོད་པ་ལྟར་ནུས་པའང་ཡོད། འབྲུག་རྟེན་འབྲེལ་ཚོགས་པས་མི་ཚང་མར་རང་གི་འཇོན་ཐང་སྟོན་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་དང་འཕྲུལ་རིག་ལག་རྩལ་རྣམས་གནས་ལུགས་དང་མཐུན་པར་བཀོལ་སྤྱོད་བྱས་ཏེ་སྤྱི་དམངས་ལ་སྲི་ཞུ་བསྒྲུབ་རྒྱུ་ཡག་ཏུ་གཏོང་ཐུབ་པའི་ཡིད་ཆེས་ཡོད། འབྲུག་རྟེན་འབྲེལ་ཚོགས་པས་འབྲུག་ཡུལ་ལ་དུས་སྐབས་གསར་པ་དང་ཐོ་རེངས་གསར་པ་ཞིག་འཆར་དུ་འཇུག་རྒྱུ་དང་འབྲུག་ཡུལ་དཔའ་སྟོབས་ལྡན་པ་ཞིག་ཏུ་བསྒྱུར་རྒྱུའི་འགན་འཁྲི་ལེན་པའི་སྲིད་དོན་ཚོགས་པ་ཞིག་ཡིན་ཞེས་གསལ་བསྒྲགས་སྤེལ། ན་ནིང་ལོ་མཇུག་དེར་འབྲུག་ཡུལ་གྱི་ས་ཆ་བདག་སྐྱོང་ལྷན་ཁང་གི་དྲུང་ཆེ་ཟུར་པ་བཀྲ་ཤོ་པདྨ་ཚེ་དབང་གིས་འབྲུག་རྟེན་འབྲེལ་ཚོགས་པ་གསར་དུ་བཙུགས།།

འབྲུག་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་བཀྲ་ཤོ་པདྨ་ཚེ་དབང་གིས་སྲིད་གསར་འགོད་པ་ཚོར་བཤད་པ་ལྟར་ན། སྲིད་དོན་ཚོགས་པ་དེས་དཀའ་ངལ་ལ་གདོང་ལེན་བྱས་ནས་འབྲུག་ཡུལ་ལ་ཡར་རྒྱས་ཕུན་སུམ་ཚོགས་པ་ཞིག་གཏོང་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། བྱ་བ་ཐམས་ཅད་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་གི་ཡོད་པས་འབྲུག་རྟེན་འབྲེལ་ཚོགས་པོས་ལས་ཡག་པོ་ཞིག་བསགས་ནས་དགོས་ངེས་ཀྱི་འབྲས་བུ་བཟང་པོ་ཞིག་སྨིན་དུ་འཇུག་རྒྱུ་གནད་འགག་ཆེན་པོར་རྩི་བཞིན་ཡོད། འབྲུག་རྟེན་འབྲེལ་ཚོགས་པའི་ལས་རྟགས་ནི་གླང་པོ་ཆེ་ཡིན། དེའི་མཚོན་དོན་ནི་སྟོབས་དང་བརྟན་པོ། གླང་ཆེན་ལ་སྟོབས་དང་ནུས་པ་ལྡན་པ་དང་རྣམ་རིག་བཀྲ་བ། དྲན་ཤེས་བརྟན་པོ་དང་ཚེ་ཐག་རིང་བ་བཅས་ཀྱི་ཁྱད་ཆོས་འདུས། འབྲུག་རྟེན་འབྲེལ་ཚོགས་པ་ནི་ཁྱོད་ཀྱི་སྐད་ངག་དང་རེ་བ། སྨྲ་བརྗོད་རང་དབང་ཡིན། ང་ཚོས་སྤྱི་ཚོགས་དྲང་སྙོམས་དང་མིའི་བདེ་རྩ་གཙིགས་སུ་བཟུང་སྟེ་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་འབྲུག་པ་མི་དམངས་ཀྱི་འཚོ་བ་ཡར་རྒྱས་གཏོང་རྒྱུ་ཡིན་ཞེས་ཁས་བླངས། བཀྲ་ཤོ་པདྨ་ཚེ་དབང་གིས་ང་ཚོས་ངེས་པར་དུ་འབྲུག་པ་མི་དམངས་ཀྱིས་རང་གི་ནུས་པ་འདོན་ཐུབ་པའི་གོ་སྐབས་དང་ཁོར་ཡུག་གསར་པ་ཞིག་བསྐྲུན་དགོས། འགྲན་སྡུར་ཆེ་བའི་གོ་ལའི་དཔལ་འབྱོར་ལས་རིགས་ལ་འབྲུག་པ་ཚོ་མཉམ་ཞུགས་བྱེད་པར་དགོས་ངེས་ཀྱི་མཐུན་རྐྱེན་བསྒྲུབ་དགོས་པ་མང་པོ་ལུས་འདུག་ཅེས་བསྟན།།

འབྲུག་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ལ་འཐུས་མི་༤༧་ཀྱི་གདན་གྲངས་ཡོད་པ་དང་འབྲུག་གི་རྩ་ཁྲིམས་སུ་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མིའི་གདན་གྲངས་༥༥་བར་དུ་སྤར་ཆོག་ཅེས་འཁོད། འབྲུག་ཡུལ་གྱི་གྲོས་ཚོགས་གོང་མར་འཐུས་མི་༢༠་ཐམ་པའི་གདན་གྲངས་ཡོད་པ་དང་༢༠༠༨་ཀྱི་ཕྱི་ཟླ་༣་པའི་ཚེས་༢༤་ཉིན་འབྲུག་ཡུལ་དུ་དམངས་གཙོའི་འོས་འདེམས་ཐེངས་དང་པོ་བྱུང་། སྐབས་དེར་འཇིགས་མེད་འཕྲིན་ལས་ཀྱིས་འགོ་ཁྲིད་པའི་འབྲུག་ཕུན་སུམ་ཚོགས་པར་གྲོས་ཚོགས་འཐུས་མི་༤༥་ཡི་གདན་གྲངས་ཐོབ། འབྲུག་དམངས་གཙོ་ཚོགས་པར་འཐུས་མི་གཉིས་ཀྱི་གདན་གྲངས་ཐོབ་པར་མ་ཟད། ད་ལྟ་འབྲུག་ཡུལ་དུ་སྲིད་དོན་ཚོགས་པ་༦་ཡོད་ཅིང་། ༢༠༢༣་ལོར་འབྲུག་ཡུལ་དུ་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ནམ་བྱ་རྒྱུ་ཡིན་མིན་གྱི་ཚེས་གྲངས་གསལ་བསྒྲགས་བྱས་མེད་ཀྱང་སྲིད་དོན་ཚོགས་པ་ཚང་མས་རང་གི་འོས་མི་རྣམས་འདེམས་བསྐོ་དང་སྲིད་དོན་ཚོགས་པའི་རྩ་འཛིན་གསལ་བསྒྲགས། འབྲུག་པ་ཚོ་དམངས་གཙོའི་འོས་འདེམས་ལ་མཉམ་ཞུགས་བྱས་ནས་ཐོབ་ཐང་ལེན་པ་དང་ལས་འགན་སྒྲུབ་པ་གཉིས་ཀར་གཞོལ་དགོས་པའི་ལས་འགུལ་སྤེལ་རྒྱུ་འགོ་ཚུགས། ལྷག་པར་དུ་འབྲུག་རྟེན་འབྲེལ་ཚོགས་པས་རང་གི་འོས་མིའི་གྲས་སུ་བུད་མེད་འགྲན་ཞུགས་པ་ཡོང་ཐུབ་པའི་འབད་བརྩོན་དང་རྫོང་ཁག་ཚང་མ་ནས་འོས་མི་དྲག་འདེམས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

འབྲུག་ཡུལ་གྱི་རྒྱལ་ཡོངས་གྲོས་འཐུས་མིའི་འོས་བསྡུར་སྔ་ལོ་ནས་གྲ་སྒྲིག་དང་ལས་འགུལ་སྤེལ་རྒྱུ་མགོ་བརྩམས་ཡོད་པ་སྟེ། ༢༠༢༢་ལོའི་ཕྱི་ཟླ་༨་པའི་ཚེས་༡༠་ཉིན་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཀུན་མཉམ་ཚོགས་པ་༢༠༢༣་ལོའི་རྒྱལ་ཡོངས་འོས་བསྡུ་ཆེན་མོར་མཉམ་ཞུགས་བྱེད་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་དུ་གྱུར། དེའི་རྒྱུ་མཚན་ནི་སྲིད་གཞུང་གིས་སྲིད་དོན་ཚོགས་པ་ཁག་ལ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གྱི་རོགས་དངུལ་སྤྲོད་ཀྱི་མེད་པ་དང་༢༠༡༨་ལོའི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་འབྲུག་ཀུན་མཉམ་ཚོགས་པར་འོས་ཤོག་བརྒྱ་ཆ་༡༠་མ་ཐོབ། དཀའ་ངལ་གཞན་པ་ཞིག་ནི་སྲིད་དོན་ཚོགས་པ་དེར་སུས་འགོ་ཁྲིད་བྱེད་དགོས་མིན་ངེས་གཏན་མེད་པ་དང་༢༠༡༨་ཀྱི་ཕྱི་ཟླ་༡༡་པའི་ནང་དུ་བཀྲ་ཤོ་གནས་བརྟན་བཟང་པོ་ཚོགས་གཙོའི་གོ་གནས་ནས་དགོངས་པ་ཞུས་ནས་བཟུང་། ད་བར་འབྲུག་ཀུན་མཉམ་ཚོགས་པས་འགོ་ཁྲིད་གསར་པ་ཞིག་བདམས་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་མོད། འོན་ཀྱང་སྲིད་དོན་ཚོགས་པ་དེའི་ཚོགས་གཙོ་གཞོན་པ་བསོད་ནམས་སྟོབས་རྒྱལ་གྱིས་འབྲུག་ཀུན་མཉམ་ཚོགས་པ་ནི་སྲིད་གཞུང་ལ་ཐོ་འགོད་བྱས་པའི་སྲིད་དོན་ཚོགས་པ་ཞིག་ཡིན། སྲིད་དོན་ཚོགས་པ་དེ་༢༠༢༣་ལོའི་རྒྱལ་ཡོངས་འོས་བསྡུ་ཆེན་མོར་མཉམ་ཞུགས་བྱ་རྒྱུའི་རེ་ལྟོས་འཆང་ཡོད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

ཕྱི་ཟླ་༡༢་པའི་ཚེས་༢༦་ཉིན་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཟུར་པ་བཀྲ་ཤོ་བསོད་ནམས་ཀུན་དགས་སྤྱི་ཚོགས་དྲྭ་ལམ་དུ་༢༠༢༣་ལོའི་རྒྱལ་ཡོངས་འོས་བསྡུ་ཆེན་མོར་འགྲན་ཞུགས་བྱ་རྒྱུའི་བརྡ་ཞིག་བཏང་ཞིང་། ཁོང་གིས་ངས་སྲིད་དོན་ཚོགས་པ་གསར་པ་ཞིག་ལོགས་སུ་འཛུགས་པའམ། ཡང་ན་ང་འབྲུག་ཡུལ་གྱི་སྲིད་དོན་ཚོགས་པ་གཞན་ཞིག་གི་ཁོངས་སུ་ཞུགས་ནས་འོས་འདེམས་ལ་འགྲན་ཞུགས་བྱ་རྒྱུ་ཡིན་མིན་ནི་གལ་འགངས་ཆེན་པོ་མ་རེད་ཅེས་བསྒྲགས། ཁོང་གིས་ངོ་དེབ་ནང་དུ་ང་ལ་མང་པོ་ཞིག་གིས་སྲིད་དོན་ཚོགས་པ་གསར་པ་ཞིག་འཛུགས་རྒྱུ་དང་སྲིད་དོན་ཚོགས་པ་གཞན་ཞིག་གི་ཁོངས་སུ་ཞུགས་རྒྱུ་ཡིན་མིན་མང་པོ་འདྲི་ཡི་འདུག ད་ལྟའི་གནས་སྐབས་འདིར་གནད་དོན་དེ་གལ་གནད་ཆེན་པོ་མ་རེད། ཅི་ཞིག་གནད་འགག་ཆེན་པོ་རེད་ཟེར་ན་ངས་ཅིའི་ཕྱིར་སྲིད་དོན་ཚོགས་པ་གསར་པ་ཞིག་འཛུགས་སམ། ཡང་ན་ང་སྲིད་དོན་ཚོགས་པ་གཞན་ཞིག་གི་ཁོངས་སུ་ཞུགས་དགོས་མིན་དེ་རེད། འབྲུག་རྒྱལ་ཡོངས་སུ་འགོ་ཁྲིད་ཚོས་བཙུགས་པའི་སྲིད་དོན་ཚགས་པ་མང་པོ་འདུག ངས་ཁོང་ཚོའི་མཛད་རྗེས་ལ་ཡི་རང་དང་སྲིད་དོན་ཚོགས་པ་དེ་དག་ལ་གུས་ཞབས་ཞུ་ཡི་ཡོད། ཡིན་ནའང་ང་ཚོས་ཕུགས་བསམ་ལ་གཞི་བཅོལ་ནས་སྲིད་དོན་ཚོགས་པ་འཛུགས་དགོས། སྲིད་དོན་ཚོགས་པས་ཕུགས་བསམ་དེ་དོན་དུ་གཉེར་དགོས་པ་ལས་ཕུགས་བསམ་དེ་སྲིད་དོན་ཚོགས་པ་འཛུགས་རྒྱུར་འགྱུར་མི་ཉན། དེས་ན་ང་ཚོས་སྔོན་ལ་ཅིས་ཀྱང་ཕུགས་བསམ་ཞིག་བཅངས་ནས་ཕུགས་བསམ་དེར་མང་ཚོགས་ལ་གྲོས་སྡུར་བྱེད་དུ་འཇུག་དགོས་ཀྱི་འདུག་ཅེས་ནན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG