ངོ་འཕྲད་བདེ་བའི་དྲ་འབྲེལ།

ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་དང་ཉི་ཧོང་གིས་འཐབ་འཁྲུག་རྒྱག་ཉེན། 


༄༅།། ཧི་མ་ལ་ཡའི་གངས་རིའི་འདབས་སུ་རྒྱ་དཀར་ནག་གཉིས་ཀས་བོད་ཀྱི་ས་མཚམས་ཁག་ཏུ་དམག་འཁྲུག་རྒྱག་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པའི་དུས་འདིར་རྒྱ་ནག་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཉི་ཧོང་ལ་འཁྲུག་རྩོད་སློང་གི་ཡོད་པ་སྟེ། རྒྱ་ནག་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་ཏེའོ་ཡུའི་གླིང་ཕྲན་ནམ། ཉི་ཧོང་གིས་སན་ཀ་ཁུ་ཞེས་འབོད་པའི་གླིང་ཕྲན་དེ་དག་གི་ཉེ་འཁོར་དུ་འཐབ་འཛིང་གནམ་གྲུ་དང་དམག་གྲུ། མཚོ་འོག་དམག་གྲུ་རྣམས་བཏང་ནས་སྐོར་གཡེང་བྱེད་དུ་འཇུག་གི་ཡོད་ཅིང་། ཉི་ཧོང་གཞུང་གིས་ཀྱང་གནམ་དམག་དང་མཚོ་སྲུང་དམག་བཏང་ནས་རྒྱ་ནག་གི་གནམ་མཚོ་གཉིས་ཀྱི་སྐོར་གཡེང་ཁག་མཐར་སྐྲོད་གཏོང་དགོས་ཐུག་གི་ཡོད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་གྱུར་འདུག ཟླ་བ་འདིར་ཉི་ཧོང་གིས་རྒྱ་ནག་ལ་ཁ་ཕྱོགས་པའི་དམག་སྒར་ཁག་བཞི་ལ་ཨ་མི་རི་ཀ་ནས་ནང་འདྲེན་བྱས་པའི་མེ་ཤུགས་འཕུར་མདེལ་འགོག་སྲུང་མཚོན་ཆ་བཙུགས། ད་དུང་ཉི་ཧོང་གི་རང་སྲུང་དམག་དཔུང་གི་སྟོབས་ཤུགས་ཡར་རྒྱས་བཏང་ནས་ཕྱོགས་གང་ཐད་དུ་དམག་འཁྲུག་ལ་དོགས་ཟོན་དང་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མངོན། དེ་རིང་ཕྱི་ཚེས་༢༢་ཉིན་ཉི་ཧོང་གི་ཨོ་ཁི་ན་ཝ་ས་ཁུལ། ཨི་ཤི་གྷ་ཁི་གྲོང་ཁྱེར་གཞུང་གིས་སན་ཁ་ཁུ་གླིང་ཕྲན་གསུམ་ལ་ཏོ་ནོ་ཤི་རོ་གླིང་ཕྲན་ཟེར་གྱི་ཡོད་པའི་མིང་དེ་ཏོ་ནོ་ཤི་རོ་སན་ཀ་ཁུ་གླིང་ཕྲན་ཞེས་མིང་བསྒྱུར་དགོས་པའི་ཐག་བཅད། འདི་ནི་གྲོང་ཁྱེར་དེའི་མངའ་ཁོངས་སུ་ཨི་ཤི་གྷ་ཁི་ཞེས་ས་གནས་གཞན་ཞིག་ཡོད་པ་དེར་མི་འཕྱུག་པའི་ཆེད་དུ་གླིང་ཕྲན་དེའི་མིང་སྒྱུར་བྱས་པ་ཡིན་ཞེས་རྒྱུ་མཚན་བགྲངས་ཀྱང་རྒྱ་ནག་གིས་དེ་ལ་ངོ་རྒོལ་དྲག་པོ་བྱས་ནས་ཕྱོགས་གཉིས་ཀྱི་འགལ་ཟླ་ཆེ་རུ་འགྲོ་བཞིན་འདུག
དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཏིའོ་ཡུའི་གླིང་ཕྲན་ཁག་ནི་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་ཀྱི་ཡོད། རྒྱ་ནག་གིས་གླིང་ཕྲན་དེ་དག་གི་བདག་དབང་སྲུང་སྐྱོབ་བྱ་རྒྱུ་དེར་སེམས་ཐག་རྦད་བཅད་ཡིན། ཉི་ཧོང་གི་གྲོང་ཁྱེར་སྲིད་གཞུང་ཞིག་གིས་གླིང་ཕྲན་དེ་དག་གི་མིང་བསྒྱུར་པ་ཡིན་ཟེར་པ་ནི་རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་འགལ་འཛོལ་ཚབས་ཆེན་བྱས་པ་ཞིག་རེད་ཅེས་བཤད། ཕྱི་ཟླ་༦་པའི་ཚེས་༢༢་ཉིན་རྒྱ་ནག་གི་མཚོ་སྲུང་དམག་གྲུ་ཁག་ཅིག་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་བཏང་སྟེ་ཉི་ཧོང་ལ་ཏིའོ་ཡུའི་གླིང་ཕྲན་གསུམ་གྱི་ཉེ་འཁོར་དུ་ཞི་བདེ་བརྟན་ལྷིང་བསྐྲུན་དགོས། ཉི་ཧོང་གིས་གླིང་ཕྲན་དེ་དག་གི་བདག་དབང་བརྩད་ནས་རྒྱ་ནག་ལ་འཁྲུག་རྩོད་སློང་རྒྱུ་མིན་པའི་ཁས་ལེན་བྱས་པ་རྣམས་ལག་ལེན་བསྟར་དགོས་ཞེས་ཞི་དྲག་གཉིས་ཀྱི་སྒོ་ནས་འཇིགས་སྐུལ་བྱས་འདུག ཉི་ཧོང་གི་བློན་ཆེན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེས་གསར་འགོད་པ་ཚོར་སན་ཀ་ཁུ་གླིང་ཕྲན་གསུམ་ནི་ཉི་ཧོང་གི་དབང་སྒྱུར་འོག་ཏུ་ཡོད་པས་ཉི་ཧོང་གི་མངའ་ཁོངས་སུ་གཏོགས་པར་རྩོད་གླེང་མེད་པ་ཞིག་རེད། རྒྱ་ནག་གིས་མུ་མཐུད་དུ་སན་ཀ་ཁུ་གླིང་ཕྲན་ཁག་གི་ཉེ་འཁོར་དུ་གནམ་མཚོ་གཉིས་ནས་སྐོར་གཡེང་བྱེད་ཀྱི་ཡོད་པ་ཉེན་ཁ་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་ཉི་ཧོང་གིས་འཚབ་འཚུབ་མེད་པར་རྒྱ་ནག་ལ་འགོག་རྒོལ་ནན་པོ་བྱ་རྒྱུ་ཡིན་ཞེས་བསྒྲགས། ཁ་སྔོན་ཕྱི་ཟླ་༤་པའི་ཟླ་དཀྱིལ་ནས་རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཕྱོགས་གཉིས་ཀྱི་རྩོད་གཞི་ཅན་དུ་གྱུར་པའི་གླིང་ཕྲན་དེའི་ཉེ་འཁོར་དུ་སྐོར་གཡེང་བྱས་ཡོད་པར་མ་ཟད། བདུན་ཕྲག་སྔོན་མའི་གཟའ་པ་སངས་བར་དུ་རྒྱ་ནག་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་དེ་དག་གི་ཉེ་འཁྲིས་སུ་སྐོར་གཡེང་ཐེངས་༦༧་བྱས་འདུག ད་ལྟ་ཉི་ཧོང་དང་རྒྱ་ནག་གཉིས་ཀྱི་རྩོད་གཞིར་གྱུར་པའི་གླིང་ཕྲན་དེ་དག་གི་བདག་དབང་ཉི་ཧོང་གི་མངའ་ཁོངས་སུ་ཨི་ཤི་གྷ་ཁི་གྲོང་ཁྱེར་གཞུང་གིས་བཟུང་ཡོད་པ་རེད།།
དེང་སྐབས་རྒྱ་ནག་གིས་ཏའོ་ཤུའི་ཟེར་པ་དང་ཉི་ཧོང་གསི་སན་ཀ་ཁུ་ཞེས་འབོད་པའི་གླིང་ཕྲན་གསུམ་ནི་མི་མེད་ལུང་སྟོང་ཡིན་ཞིང་། ༡༩༧༢་ནས་ཉི་ཧོང་གིས་དངོས་སུ་གླིང་ཕྲན་དེ་དག་ལ་འཛིན་སྐྱོང་བྱ་རྒྱུ་འགོ་ཚུགས། རྒྱ་ནག་གིས་ཏའོ་ཡུའི་གླིང་ཕྲན་རྣམས་ཕྱི་ལོ་༡༤༠༠་ཡས་མས་ནས་རྒྱ་ནག་གི་མངའ་ཁོངས་གྱུར་ཡོད། དེའི་རྒྱུ་མཚན་ནི་དུས་རབས་བཅོ་ལྔ་པ་ནས་རྒྱ་ནག་གི་ཉ་པ་ཚོས་གླིང་ཕྲན་དེ་རྣམས་བདག་འཛིན་བྱས་ཡོད་ཅེས་བཤད། ཉི་ཧོང་གཞུང་གིས་༡༨༩༥་ལོར་གླིང་ཕྲན་དེ་དག་ལ་ས་ཞིབ་བྱས་དུས་རྒྱ་ནག་གི་ཉ་པ་རྣམས་འཚོ་གནས་བྱས་མྱོང་ཡོད་པའི་རྟགས་མཚན་དང་ཤུལ་རྗེས་ཅི་ཡང་མི་འདུག འདས་པའི་ལོ་༡༠༠་ལྷག་ལ་ཉི་ཧོང་གི་ཉ་པ་ཚོས་གླིང་ཕྲན་དེ་དག་གི་ཐོག་ཏུ་ཉ་ཤ་བསྐམས་ནས་འཚོ་བ་རོལ་པ་རེད། ༡༩༣༢་ལོར་ཉི་ཧོང་གཞུང་གིས་གླིང་ཕྲན་དེ་དག་གི་བདག་དབང་ཐོག་མའི་ས་འཛིན་པ་རྣམས་ཀྱི་བུ་རབས་ཚ་རྒྱུད་ཚོར་བཙོངས་པ་ཡིན། ༡༩༤༠་ནས་ཉ་ལས་ཀྱི་ཐོན་སྐྱེད་ཡག་པོ་མེད་པར་ཚོང་ལས་དེར་མ་རྩ་བརྡིབས་ནས་གླིང་ཕྲན་དེ་དག་ས་སྟོང་དུ་བཞག་པ་ཡིན། འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་ཉི་ཧོང་ལ་ཕམ་ཉེས་བྱུང་སྟེ་གླིང་ཕྲན་དེ་ཚོར་ཨ་མི་རི་ཀས་དབང་སྒྱུར་བྱས་ཤིང་། ༡༩༧༢་ལོར་ཨ་མི་རི་ཀའི་དམག་རྣམས་ཨོ་ཁི་ན་ཝ་ནས་ཕྱིར་འཐེན་བྱས་པའི་དུས་སུ་སན་ཀ་ཁུ་གླིང་ཕྲན་གསུམ་གྱི་བདག་དབང་ཡང་ཉི་ཧོང་ལ་ཕྱིར་སློག་བྱས་པ་རེད། ༢༠༡༢་ལོར་ཉི་ཧོང་གཞུང་གིས་གླིང་ཕྲན་དེ་དག་གི་བདག་དབང་སྒེར་པའི་ལག་ནས་ཕྱིར་ཉོ་བྱས་པ་ཡིན་ཞེས་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་དེ་དག་གི་བདག་དབང་ཉི་ཧོང་གཞུང་ལ་ཡོད་པའི་སྒྲུབ་བྱེད་བཀོད།།

ཉི་ཧོང་གི་རང་སྲུང་དམག་གིས་སན་ཀ་ཁུ་གླིང་ཕྲན་གསུམ་གྱི་བདག་དབང་ལ་སྲུང་སྐྱོབ་བྱ་རྒྱུ་གཙིགས་སུ་བཟང་། གླིང་ཕྲན་དེ་དག་ལ་ས་ཆ་རྒྱ་ཆེན་པོ་དང་མི་མང་རྣམས་གཞིས་ཆགས་པའི་གྲོང་ཚོ་སོགས་མེད་ཀྱང་དམག་དོན་འཐབ་ཇུས་ལ་གནད་འགག་ཆེ་བ་དང་ཉ་ལས་ཀྱི་ཐོན་སྐྱེད་ལེགས་པོ། ཤར་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་ལམ་གལ་ཆེན་ཞིག་ཏུ་གྱུར། གླིང་ཕྲན་དེ་དག་གི་ཉེ་འཁོར་གྱི་མཚོ་ནང་དུ་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་གཏེར་ཁ་ཕྱུག་པོ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པས་ཉི་ཧོང་གི་སྐམ་མཚོ་གནམ་གསུམ་གྱི་རང་སྲུང་དམག་གིས་སན་ཀ་ཁུ་གླིང་ཕྲན་ཁག་གི་བདག་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་དམག་སྦྱོང་དང་འཛུགས་སྐྲུན། གླིང་ཕྲན་དེ་དག་གི་སྲུང་སྐྱོབ་ཀྱི་མཐུན་རྐྱེན་ཡར་རྒྱས་བཏང་འདུག གལ་སྲིད་རྒྱ་ནག་དང་ཉི་ཧོང་གཉིས་ཀྱིས་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་དེ་དག་གི་བདག་དབང་བརྩད་ནས་དངོས་སུ་དམག་འཁྲུག་བརྒྱབ་ཚེ། ཨ་མི་རི་ཀས་ཉི་ཧོང་ལ་རྒྱབ་སྐྱོར་བྱས་ནས་རྒྱ་ནག་ལ་འཐབ་རྒོལ་བྱ་དགོས་ཐུག་སྲིད། འཛམ་གླིང་དམག་ཆེན་གཉིས་པའི་གཞུག་ནས་ཨ་མི་རི་ཀས་ཉི་ཧོང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། ཉི་ཧོང་གིས་དམག་དཔུང་ཉར་འཛིན་བྱེད་མི་ཆོག་པ་དང་རྒྱལ་ཁབ་དེའི་ཕྱི་ལོགས་སུ་དམག་དཔུང་འདྲེན་གཏོང་བྱེད་མི་ཆོག་ཅེས་རྩ་ཁྲིམས་ཤིག་གཏན་ལ་ཕབ། ཉི་ཧོང་དང་ཨ་མི་རི་ཀའི་རྒྱལ་སྲུང་མཉམ་འབྲེལ་ཆིངས་ཡིག་ནང་དུ་རྒྱལ་ཁབ་གང་ཞིག་གིས་ཉི་ཧོང་ལ་བཙན་འཛུལ་བྱེད་ན་ཨ་མི་རི་ཀར་ཉི་ཧོང་གི་མངའ་ཁོངས་སྲུང་སྐྱོབ་བྱ་དགོས་པའི་འགན་འཁྲི་ཡོད་ཅེས་འཁོད།།
ཉེ་དུས་ཤིག་ནས་རྒྱ་ནག་གིས་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་གར་ལ་འཁྲུག་རྩོད་སློང་གི་ཡོད་པ་གཅིག་པུ་མིན་ཞིང་། དཔེར་ན་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསུམ་གྱི་བདག་དབང་བརྩད་ནས་རྒྱ་ནག་གིས་ཉི་ཧོང་ལ་འཁྲུག་རྩོད་སློང་བ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གིས་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་མངའ་ཁོངས་རྒྱ་སྐྱེད། ཝྭི་ཏེ་ནམ་གྱི་ཉ་པའི་གྲུ་གཟིངས་ཤིག་ལ་རྒྱ་ནག་གི་དམག་གྲུ་ཞིག་གིས་རྡུང་ཁ་བརྒྱབ་ནས་མཚོ་ནང་ལ་ཐིམ་དུ་བཅུག་པ། རྒྱ་ནག་གི་གྲུ་གཟིངས་དེ་ཚོས་མ་ལེ་ཤི་ཡའི་ས་ཞིབ་གྲུ་གཟིངས་ཤིག་ལ་ཐུབ་ཚོད་བྱས་པ་དང་ཧྥི་ལི་ཕིན་དང་རྒྱ་ནག་གི་འགལ་ཟླ་ཆེ་རུ་ཕྱིན་ཡོད་པ། ཨིན་རྡུ་ནེ་ཤི་ཡའི་མངའ་ཁོངས་སུ་གཏོགས་པའི་མཚོ་ནང་དུ་རྒྱ་ནག་གི་གྲུ་གཟིངས་བཏང་བ། འདས་པའི་ཉིན་ཤས་རིང་ཉུང་མཐར་ཡང་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་ཁག་ཅིག་ཐེ་ཝན་གྱི་མངའ་དབྱིངས་སུ་དཔུང་འཛུལ་ཐེངས་ལྔ་བྱས་ནས་སྐོར་གཡེང་བྱས་འདུག ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གིས་གང་ས་གང་དུ་འཁྲུག་རྩོད་སློང་གི་ཡོད་པ་དེ་ལ་བལྟས་ན་རྒྱ་ནག་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་དེ་དག་གི་བདག་དབང་བརྩད་ནས་ཉི་ཧོང་ལ་འཁྲུག་རྩོད་སློང་རྒྱུ་ཡིན་མིན་གྱི་སྐད་ཆ་ཞིག་མ་རེད། རྒྱ་ནག་གིས་ཉི་ཧོང་ལ་དུས་ནམ་ཞིག་དང་འཁྲུག་རྩོད་རྒྱ་ཆེན་པོ་གང་འདྲ་ཞིག་སློང་རྒྱུ་ཡིན་མིན། ཉི་ཧོང་གི་མངའ་ཁོངས་སྲུང་སྐྱོབ་དོན་དུ་ཨ་མི་རི་ཀ་ཉི་ཧོང་དང་རྒྱ་ནག་གི་དམག་འཁྲུག་དེ་དུས་ནམ་ཞིག་ཞུགས་དགོས་མིན་གྱི་སྐད་ཆ་ཞིག་རེད་ཅེས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG