ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དམངས་གཙོར་སྲུང་སྐྱོབ་དང་རྒྱ་ནག་གི་འགྲན་སློང་ལ་གདོང་ལེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ར་སི་མུ་སེན་གྱིས་གདན་འདྲེན་ཞུས་པ་ལྟར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་སྤྱི་ཟླ་༦་པའི་ཚེས་བ༡༩་སྟེ། རེས་གཟའ་པ་སངས་ཀྱི་ཉིན་མོར་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེ་ནས་དྲྭ་ལམ་བརྒྱུད་དེ་ཌན་མག་གི་རྒྱལ་ས་ཁོ་ཕེན་ཧེ་གྷན་ལ་འཚོགས་བཞིན་པའི་དམངས་གཙོའི་ཚོགས་འདུ་ཞིག་ལ་ཞུགས། ཁོང་གིས་རྒྱ་ནག་གི་འགྲན་སློང་ཞེས་པའི་བརྗོད་གཞིའི་ཐོག་ཏུ་གསུང་བཤད་གནང་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེས་དམངས་གཙོའི་རིན་ཐང་གི་ལྟ་བ་དགྲ་རུ་འཛིན་པའི་རྒྱ་ནག་དམར་ཤོག་ནི་ཉེ་འཁོར་གྱི་ས་གནས་ཁག་ལ་མཚོན་ན་ཇག་པའི་སྤྱོད་ལམ་འཛིན་མཁན་ཞིག་ཡིན་པར་མ་ཟད། འཛམ་གླིང་རྒྱལ་ཁབ་ཡོངས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཐམས་ཅད་ལ་རང་དབང་དང་སྒེར་གཅོད་གཉིས་ཀྱི་གདམ་ཀ་གཅིག་ལས་མེད། ཡུ་རོབ་རྒྱལ་ཁབ་ཁག་ཨ་མི་ཀའི་ཕྱོགས་སུ་ལངས་ནས་ལངས་ཕྱོགས་གསལ་སྟོན་དང་ལག་ལེན་དོན་འཁྱོལ་བྱ་དགོས་པའི་འབོད་བསྐུལ་ཞུས།

མི་ལོ་སུམ་ཅུའི་གོང་དུ་ཤར་ཡུ་རོབ་དང་ཨུ་རུ་སུའི་དམར་ཤོག་གི་ལམ་ལུགས་ཉམས་ནས་དམངས་གཙོ་དར་རྒྱས་ཕྱིན་པ་དེས་ང་ཚོར་རང་དབང་དང་དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་ཡོངས་ལ་རང་དབང་ཁྱབ་བརྡལ་དུ་ཕྱིན་པ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན་པའི་ངོས་འཛིན་གསལ་པོ་བྱུང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་དེའི་ཚེ་དང་དེའི་དུས་སུ་དམངས་གཙོའི་རིན་ཐང་གི་ལྟ་བ་དགྲ་རུ་བཟུང་བའི་སྒེར་གཅོད་ཀྱི་རྒྱལ་ཁབ་ཁག་ལ་འབྲེལ་བ་བཙུགས་ཡོད། སྐབས་དེ་ཤས་སུ་རྒྱ་ནག་དམར་ཤོག་གིས་རྒྱན་པོ་འགྱེད་པ་ལྟར་ང་ཚོའི་དགེ་སེམས་བེད་སྤྱོད་བཏང་ཞིང་། དེ་དང་དུས་མཚུངས་སུ་ང་ཚོར་མཉམ་འབྲེལ་གྱི་སྒོ་ནས་མཐུན་ལམ་བཟོ་བའི་འགན་ལེན་བྱས་པ་རེད། དཔེར་ན་ཏེང་ཞའོ་ཕིན་གྱིས་ཇུས་གསང་ཐབས་བྱེད་པའམ། ཡང་ན་ཡོན་ཏན་ཕྱིར་མི་མངོན་པ་ཞེས་པའི་སྲིད་ཇུས་ལག་བསྟར་བྱས་པ་རེད།

ལོ་ངོ་བཅུ་གྲངས་ཤིག་རིང་ལ་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་བཟོ་ཚོང་ལས་ཁང་ཁག་གིས་རེ་བ་བཟང་སར་བརྒྱབ་སྟེ་རྒྱ་ནག་ལ་ཚོང་གི་མ་རྩ་བཙུགས། ང་རང་གིས་ཀྱང་རྒྱ་ནག་ཏུ་བཟོ་ཚོང་ལས་ཁང་ཆུང་ཆུང་ཞིག་གཉེར་མྱོང་། ང་ཚོས་ཀྱང་རྒྱ་ནག་ཏུ་ལས་ཀ་གཉེར་བཞིན་ཡོད། ང་ཚོས་ཚོང་རྫས་མཁོ་འདོན་གྱི་མ་ལག་རྣམས་ཧྲན་ཀྲེན་ལྟ་བུའི་ས་ཁུལ་ཁག་ལ་འགན་ལེན་བྱེད་དུ་བཅུག་ཡོད། ང་ཚོས་རྒྱ་ནག་གི་དམག་ལ་འབྲེལ་བ་ཡོད་པའི་སློབ་ཕྲུག་ཚོར་ཤེས་ཡོན་སློབ་གསོའི་ལྟེ་གནས་ཁག་སྒོ་ཕྱེས་ཡོད། རྒྱབ་ལོགས་སུ་རྒྱ་ནག་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཡོད་པའི་བཟོ་ཚོང་ལས་ཁང་ལ་ང་ཚོས་རང་གི་ས་ཐོག་ཏུ་ཚོང་ལས་གཉེར་བཅུག་ཡོད། ད་ཆ་ང་ཚོ་རྩ་བ་དང་ཡལ་ཀའི་དབྱེ་བ་མི་ཆོད་པ་ལྟ་བུའི་ཉ་ཉོག་མཉམ་བསྲེས་ཤིག་ཏུ་གྱུར་སོང་། འོན་ཀྱང་ང་ཚོས་རྒྱལ་ཁབ་གང་འདྲ་ཞིག་ལ་ཚུལ་ཇི་ལྟར་འབྲེལ་བ་བྱེད་བཞིན་ཡོད་པའི་དངོས་ཡོད་གནས་ཚུལ་དེ་གསལ་པོ་ཞིག་ཤེས་དགོས་ཀྱི་འདུག ངས་བསམས་ན་ང་ཚོས་ད་ལྟ་ཤེས་བཞིན་པའི་སྒང་རེད་བསམ་གྱི་འདུག འཛམ་གླིང་གི་ས་གནས་གང་ཞིག་ཡིན་རུང་གནས་ཚུལ་དེ་ཉིན་རེ་བཞིན་དུ་ཇེ་གསལ་ལ་འགྲོ་བཞིན་པ་གསལ་པོ་རེད།

རྒྱ་ནག་དམར་ཤོག་གཞུང་གིས་བཀའ་བཏང་ནས་ཧང་ཀོང་གི་རང་དབང་མཇུག་སྒྲིལ་སོང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཐོ་འགོད་བྱས་ཡོད་པའི་ཆིངས་ཡིག་ཅིག་དང་ཧང་ཀོང་མི་དམངས་ཀྱི་གཞི་རྩའི་ཐོབ་ཐང་རྣམས་རྩིས་མེད་རྡོག་རོལ་བཏང་སོང་། འདི་ནི་རྒྱ་ནག་དམར་ཤོག་གིས་རྩིས་མེད་རྡོག་རོལ་དུ་བཏང་བའི་རྒྱལ་སྤྱིའི་ཆིངས་ཡིག་མང་པོ་ཡོད་པ་ལས་དཔེ་མཚོན་གཅིག་ཡིན། རྒྱ་ནག་དམར་ཤོག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཅིའི་ཕྱིར་རྒྱ་ནག་གི་མངའ་འོག་ཏུ་ཚུད་པའི་ཁ་ཆེ་ཚོར་སྡུག་རྩུབ་མནར་གཅོད་དང་དྲག་གནོན་བྱེད་དགོས་པ་ཡིན་ནམ། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་བྱེད་སྟངས་ནི་ང་ཚོས་འཛམ་གླིང་དམག་ཆེན་གཉིས་པའི་གཞུངག་ཏུ་གཏན་ནས་མཐོང་མྱོང་མེད་པའི་གནས་ཚུལ་ཞིག་རེད། རྒྱ་ནག་གིས་ས་འཚམས་ཁག་ཏུ་དམག་གིས་རྒྱ་བསྐྱེད་བཏང་སྟེ། དེང་སང་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་དམངས་གཙོ་རྒྱལ་ཁབ་རྒྱ་གར་དང་ས་མཚམས་ཀྱི་རྩོད་རྙོག་ལངས་ཡོད། དེ་བཞིན་ལྷོ་རྒྱ་ནག་གི་རྒྱ་མཚོ་ཁུལ་གྱི་མཚོ་དམག་གིས་ཁྲིམས་དང་མི་མཐུན་པའི་མངའ་ཁོངས་རྒྱ་བསྐྱེད་གཏོང་བཞིན་ཡོད་པས་དེ་དག་ནི་རྒྱ་ནག་གཞུང་གིས་བརྩི་མེད་བཏང་སོང་། རྒྱ་ནག་དམར་ཤོག་གཞུང་གིས་ང་ཚོ་ཚང་མར་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་ཅིང་། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གི་གནད་དོན་སྐོར་ལ་སྐྱག་རྫུན་བཤད་ནས་ནད་དུག་དེ་འཛམ་གླིང་ཡོངས་ལ་ཁྱབ་ཏུ་བཅུག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་གནོན་ཤུགས་སྤྲད་ནས་གནས་ཚུལ་སྦ་གསང་བྱེད་དུ་བཅུག་པ། དུས་ད་ལྟའང་རྒྱ་ནག་གིས་གནས་ཚུལ་དེ་ཕྱི་གསལ་ནང་གསལ་བྱས་མེད་པ་རེད། ནད་དུག་ཁྱབ་ནས་ཟླ་བ་འགའ་ཞིག་ཕྱིན་ཀྱང་ང་ཚོས་ད་དུང་ཡང་ནད་དུག་གི་མ་དཔེ་དང་ཝུ་ཧན་དུ་བྱུང་བའི་ནད་པ་ཐོག་མའི་ཆ་འཕྲིན་སོགས་གང་ཡང་རྙེད་ཀྱི་ཐུབ་མེད། གཞན་ཡང་རྒྱ་ནག་གིས་གསར་འགྱུར་རྫུན་མ་དང་དྲྭ་རྒྱའི་བརྒྱུད་ལམ་ཀྱི་དྲིལ་བསྒྲགས་སོགས་ལ་བརྟེན་ནས་ང་ཚོའི་སྲིད་གཞུང་ལ་དོ་ཕོག་གཏོང་བཞིན་ཡོད་པར་མ་ཟད། ཨ་མི་རི་ཀ་དང་ཡུ་རོབ་ཀྱི་འབྲེལ་ལ་བར་ཆད་བཟོ་བཞིན་འདུག ཁོ་ཚོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་བུ་ལོན་བསྐྱིས་ཏེ་ནམ་ཡང་རྒྱ་ནག་གི་བུ་ལོན་འོག་ནས་ཐར་ཐབས་མེད་པ་ཞིག་ཏུ་སྒྱུར་གྱི་འདུག

ཀུན་གྱིས་ཤེས་གསལ་ལྟར་རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་གི་གསང་མྱུལ་གྱི་རྒྱབ་ལྗོངས་ཡོད་པའི་ཧྭ་ཝེ་བཟོ་ཚོང་ཁང་བརྒྱུད་ནས་རྒྱལ་ཁབ་གཞན་ལ་བཙན་དབང་གི་སྒོ་ནས་ཚོང་འབྲེལ་འཛུགས་ཀྱི་ཡོད་པ་རེད། ཁོ་ཚོས་མཚོ་ཁ་དང་གཞི་རྩའི་རྨང་གཞིའི་འཛུགས་སྐྲུན་ལ་བརྟེན་ནས་ཡུ་རོབ་ཀྱི་བདག་དབང་ལ་ཚུར་རྒོལ་བྱེད་བཞིན་ཡོད་པས་ང་ཚོས་ཅིས་ཀྱང་དཔལ་འབྱོར་དང་འབྲེལ་བའི་མིག་ཤེལ་དེ་ཕུད་དགོས། རྒྱ་ནག་གི་འགྲན་སློང་ནི་སྒོ་ཁར་སླེབས་ཟིན་ཡོད་པ་སྟེ། རྒྱལ་ས་རེ་རེ་དང་ས་ཁུལ་རེ་རེ། མངའ་སྡེ་རེ་རེ་བཞིན་དུ་སླེབས་ཚར་ཡོད་པར་ངོས་འཛིན་བྱ་དགོས།

རྒྱ་ནག་གིས་མ་རྩ་བཙུག་ནས་ཚོང་ལས་གཉེར་བཞིན་པ་ཐམས་ཅད་ལ་ང་ཚོས་དོགས་ཟོན་བྱ་དགོས། ཡུ་རོབ་ཀྱིས་ང་ཚོ་ཨ་མི་རི་ཀ་ལྟར་རྒྱ་ནག་གི་འགྲན་སློང་ལ་གདོང་ལེན་བྱེད་དགོས་ཀྱི་འདུག ལྷོ་ཨ་མི་རི་ཀ་དང་ཨ་ཧྥི་རི་ཀ དབུས་ཨེ་ཤི་ཡ་དང་ཨེ་ཤི་ཡ་ས་ཁུལ་གྱི་མཐུན་གྲོགས་ཁག་གིས་ཀྱང་དེ་མཚུངས་ཀྱི་གདོང་ལེན་བྱེད་དགོས་ཐུག་གི་རེད། ཡུ་རོབ་པ་འགའ་ཤས་ཀྱིས་ཨ་མི་རི་ཀས་ཨ་རི་དང་རྒྱ་ནག་གཉིས་ཀྱི་གཅིག་གདམ་ཀ་བྱེད་དུ་འཇུག་གི་འདུག་ཅེས་འཇིགས་སྣང་ཡོང་གི་ཡོད་པ་ངས་ཤེས་ཀྱི་ཡོད། ཡིན་ནའང་དོན་དངོས་གནས་ཚུལ་ནི་འདི་ལྟར་མིན། དེ་ནི་རྒྱ་ནག་དམར་ཤོག་གཞུང་གིས་ང་ཚོར་བཙན་པོའི་སྒོ་ནས་གདམ་ཀ་བྱེད་དུ་འཇུག་གི་ཡོད་པ་རེད། དེ་ནི་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་གཅིག་གདམ་དགོས་པའི་གདམ་ཀ་ཞིག་མ་རེད། དེ་ནི་རང་དབང་དང་སྒེར་གཅོད་གཉིས་ཀྱི་གདམ་ཀ་ཞིག་རེད། དམངས་གཙོ་ནི་རྒྱ་ནག་གིས་བསམས་པ་ལྟར་གྱི་གཉོད་ཆུང་ནུས་མེད་ཅིག་གཏན་ནས་མིན། དམངས་གཙོ་ནི་སྟོབས་ཤུགས་ཆེན་པོ་ཞིག་རེད། ང་ཚོས་ཧྥ་ཤི་སི་རིང་ལུགས་རྩ་གཏོར་བཏང་ཡོད་པ་དང་གྲང་དམག་འཁོན་འཛིང་དུས་སུ་རྒྱལ་ཁ་བླངས་ཡོད། གཉོད་ཆུང་ནི་སྒེར་གཅོད་རིང་ལུགས་རེད། ངས་དམངས་གཙོ་དེ་གཉོད་ཆུང་ཞིག་ལ་རྩི་ཡི་མེད་ཀྱང་དམངས་གཙོ་ལ་སྲུང་སྐྱོབ་དམ་པོ་དང་རྟག་ཏུ་དོགས་གཟབ་བྱེད་དགོས་པ་ཞིག་ཏན་ཏན་རེད་བསམ་གྱིས་ཡོད།

ང་ཚོས་ཡུ་རོབ་ཕྱོགས་ནས་རྒྱ་ནག་གི་འགྲན་སློང་ལ་གསལ་བསྒྲགས་མང་ཙམ་སྤེལ་ཐུབ་རྒྱུའི་རེ་བ་འཆང་ཡོད། རྒྱུ་མཚན་ནི་ང་ཚོའི་མི་དམངས་ཚང་མས་ཨ་མི་རི་ཀ་ཁྱོད་ཚོ་དང་མཉམ་དུ་ལང་པར་གྲ་སྒྲིག་བྱས་ཟིན་ཡོད་པ་དེ་ཤེས་རྟོགས་བྱུང་ཡོད་རྒྱུ་རེད། ང་ཚོས་གསལ་བསྒྲགས་སྤེལ་ཡོད་ལ་དེ་ལས་ལྷག་པའི་ལག་ལེན་བསྟར་གྱི་ཡོད། ང་ཚོས་ཐེ་ཚོམ་གང་ཡང་མེད་པར་སྒེར་གཅོད་དང་རང་དབང་གཉིས་ཀྱི་གདམ་ཀ་བྱེད་དགོས། ཉེ་དུས་ངས་ཡུ་རོབ་ཀྱི་མཐུན་གྲོགས་ཚོར་སྒེར་ངོས་ནས་ཁ་བརྡ་བྱས་ཏེ་སེམས་འགུལ་ཆེན་པོ་ཐེབས་སོང་། ཁོ་ཚོས་གནད་དོན་དེ་དག་ལ་བསམ་བློ་ནན་མོ་གཏོང་བཞིན་འདུག ཡུ་རོབ་ཀྱི་དབུ་ཁྲིད་ཁག་གིས་གཙོ་སྐྱོང་བྱེད་པའི་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་ཚོགས་པ་དེར་ཉིན་ལྟར་ཚོགས་མི་གསར་པ་མང་པོ་ཞིག་མཉམ་ཞུགས་བྱེད་བཞིན་ཡོད་ཅིང་། རྒྱ་ནག་དམར་ཤོག་གིས་ཌན་མག་གི་ཚགས་ཤོག་ལ་ཞིབ་བཤེར་བྱེད་དགོས་པའི་ངན་སྐུལ་བྱས་པར་ཌན་མག་གི་ཕྱོགས་ནས་སྤོབས་པ་ཆེན་པོས་དེ་ལ་གདོང་ལེན་བྱས་འདུག

དབྱིན་ཇིའི་ཕྱོགས་ནས་ཀྱང་ཧྭ་ཝེ་བཟོ་ཚོང་ཁང་ལ་ཚོང་འབྲེལ་གཙང་བཅད་བྱེད་པའི་ཕྱོགས་ལ་འབད་བརྩོན་བྱེད་བཞིན་ཡོད་ལ། ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་རྒྱ་ནག་གི་བཙན་དབང་ཕྱི་འབྲེལ་འཛུགས་ཕྱོགས་དེར་ཁ་གཏད་གཅོག་བཞིན་འདུག སུད་ཌན་གཞུང་གིས་ཀྱང་ཡུལ་དེའི་སློབ་ཆེན་ཁག་ཏུ་བཙུགས་པའི་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཡོད་ཚད་སྒོ་བརྒྱབ་པ་རེད། ང་ཚོ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ངོས་ནས་༢༠༢༤་ལོའི་བར་དུ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་བཞི་རྒྱལ་སྲུང་འགྲོ་གྲོན་གཏང་རྒྱུ་ཡིན་པ་བཅས་ནི་དོན་དངོས་ལ་གཞི་བཅོལ་བའི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་ཅེས་ནན་བརྗོདགནང་འདུག

XS
SM
MD
LG