ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༧

ཨི་སི་རལ་དང་ཨི་རན་གྱི་འཁྲུག་རྩོད་ནས་ཐེ་ཝན་ལ་ཉམས་མྱོང་ཅི་ཞིག་ཐོབ།


ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཅིན་ཝུན་
ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཅིན་ཝུན་

༄༅།། ཨི་རན་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་དང་འཕུར་མདེལ་འཕངས་ནས་ཨི་སི་རལ་ལ་རྒོལ་རྡུང་བྱས་པ་དེའི་ཐོག་ནས་ཉམས་མྱོང་ལེན་རྒྱུ་མང་དུ་མཆིས། གལ་སྲིད་གཏོར་རྒོལ་དེ་རྒྱ་ནག་གིས་ཐེ་ཝན་ལ་བྱས་ཡོད་པ་ཡིན་ན་མཚོ་གླིང་དེར་གཏོར་ཕམ་ཚབས་ཆེན་ཕོག་ཡོད་པ་བརྗོད་ཅི་དགོས་ཞེས་གསར་འགྱུར་སྤེལ་འདུག ཕྱི་ཟླ་༤་པའི་ཚེས་༡༨་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨི་རན་གྱི་རྒོལ་རྡུང་ལ་གཞིགས་ནས་ཨ་རི་དང་ཉི་ཧོང་། ཐེ་ཝན་གསུམ་གྱིས་ཛ་དྲག་གི་ངང་དུ་རྒོལ་རྡུང་དེ་འགོག་ཐུབ་པའི་གྲ་སྒྲིག་བྱ་དགོས་ཀྱི་འདུག ཨི་སི་རལ་ལ་ལྕགས་ཀྱི་བ་གམ་ཞེས་པ་དང་ཌེ་ཝི་ཌིའི་འུར་རྡོ་ཟེར་བ། མདའ་གཉིས་དང་མདའ་གསུམ་ཞེས་ཕ་རོལ་པོའི་འཕུར་མདེལ་རྣམས་བར་སྣང་དུ་གཏོར་ཐུབ་པའི་འགོག་སྲུང་མ་ལག་རིམ་པ་འགའ་ཞིག་འདུག ཨི་སི་རལ་གྱི་མཚོ་དམག་གིས་གྲུ་ཐོག་ནས་འཕུར་མདེལ་འཕངས། གནམ་དམག་གིས་འཐབ་འཛིང་གནམ་གྲུ་བཏང་སྟེ་ཨི་རན་གྱི་འཕུར་མདེལ་དང་འཕུར་གྲུ་རྣམས་ས་ཐོག་ཏུ་འབབ་མ་བཅུག

ཨི་སི་རལ་གྱི་རྒྱལ་སྲུང་ཚན་པ་ཁག་གིས་མཉམ་འབྲེལ་དམ་ཟབ་བྱས་ཡོད་པ་སྟེ། དམག་གི་མྱུལ་ཞིབ་གནམ་གྲུ་ཁག་གིས་བར་སྣང་དུ་ཨི་རན་གྱི་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་གང་དུ་བསླེབས་ཡོད་པ་འཚོལ་ཞིབ་བྱས་ནས་ཨི་སི་རལ་གྱི་གནམ་དམག་ལ་སྔོན་བརྡ་འཕྲོད། ཨི་སི་རལ་གྱི་འཐབ་འཛིང་གནམ་གྲུ་ཁག་ལ་སྔོན་བརྡ་འབྱོར་བ་ལྟར་ཨི་རན་གྱི་འཕུར་མདེལ་དང་འཕུར་གྲུ་དེ་རྣམས་དམིགས་འབེན་དུ་བཟུང་ནས་གཏོར། གང་ལྟར་ཁ་སྔོན་གཟའ་སྤེན་པའི་དགོང་མར་ཨི་རན་གྱིས་འཕངས་པའི་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་བརྒྱ་ཆ་༩༩་ལྷག་བར་དུ་བཀག་ནས་ཨི་སི་རལ་ལ་གནོད་སྐྱོན་མ་ཕོག ཨ་རི་དང་དབྱིན་ཇི། འཇོར་ཌན་དང་སོ་ཌི་ཨ་རེ་བྷི་ཡ་སོགས་ཀྱིས་ཀྱང་ཨི་སི་རལ་ལ་རྒྱབ་སྐྱོར་བྱས་ནས་ཨི་རན་གྱི་འཕུར་མདེལ་དང་འཕུར་གྲུ་དེ་རྣམས་བར་སྣང་དུ་གཏོར། ཨ་མི་རི་ཀའི་དམག་གྲུ་དང་འཐབ་འཛིང་གནམ་གྲུ་ཁག་གིས་ཨི་རན་གྱི་འཕུར་གྲུ་༨༠་ལྷག་བར་སྣང་ནས་བཟློགས། ཨ་རིའི་འཕུར་མདེལ་ཁག་གིས་ཨི་རན་གྱི་ཉེན་ཚབས་ཆེ་བའི་འབེན་ཕོག་འཕུར་མདེལ་རྣམས་བར་དུ་གཏོར་བའི་གནས་ཚུལ་ཐོན་འདུག

ཨི་རན་གྱི་ཨི་སི་ཧྥ་ཧན་གྲོང་ཁྱེར་དུ་དམག་སྦྱོང་བྱས་པ།
ཨི་རན་གྱི་ཨི་སི་ཧྥ་ཧན་གྲོང་ཁྱེར་དུ་དམག་སྦྱོང་བྱས་པ།

ཨི་རན་གྱི་འཕུར་མདེལ་དང་འཕུར་གྲུའི་ཆག་རོ་དེ་དག་གིས་ཨི་སི་རལ་གྱི་བུ་མོ་ཆུང་ཆུང་ཞིག་རྨས་པ་དང་འཇོར་ཌན་གྱི་མི་༤་ལ་སྲོག་སྐྱོན་ཕོག་པ་ལས་ཉེ་ཞོ་ཅི་ཡང་མ་བྱུང་། ད་ཐེངས་ཨི་སི་རལ་ལ་སྲུང་སྐྱོབ་དང་ཨི་རན་གྱི་རྒོལ་རྡུང་བཀག་པ་དེ་ཐེ་ཝན་ལ་སྲུང་སྐྱོབ་དང་རྒྱ་ནག་གི་བཙན་འཛུལ་འགོག་པའི་ཉམས་མྱོང་ཞིག་ཏུ་བརྩི་ཆོག ཨི་རན་གྱིས་ཨི་སི་རལ་ལ་རྒོལ་རྡུང་བྱས་པ་ལྟར་རྒྱ་ནག་གིས་ཐེ་ཝན་ལ་རྒོལ་རྡུང་བྱེད་ཚེ། ཐེ་ཝན་ལ་ངེས་པར་དུ་ཕྱི་ལོགས་ཀྱི་རྒྱབ་སྐྱོར་ཐོབ་དགོས། ཨི་སི་རལ་གྱི་མཁའ་དབྱིངས་སྲུང་སྐྱོབ་ཧ་ཅང་ཡག་པོ་ཡོད་ཀྱང་ཨ་རི་དང་དབྱིན་ཇི། འཇོར་ཌན་དང་སོ་ཌི་ཨ་རེ་བྷི་ཡ་བཅས་ཀྱི་རྒྱབ་སྐྱོར་མེད་པར་ཨི་རན་གྱི་རྒོལ་རྡུང་འགོག་མ་ཐུབ། ང་ཚོས་ཤེས་ཚོད་ལ་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མ་ལག་རྣམས་ཨི་སི་རལ་ལས་ཞན། ཐེ་ཝན་གྱི་དམག་ལ་ཨི་སི་རལ་ལྟར་དམག་སྦྱོང་དང་འཐབ་འཁྲུག་གི་ཉམས་མྱོང་མེད། ཨི་སི་རལ་གྱི་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་མཉམ་འབྲེལ་བྱས་པ་ལྟར་ཐེ་ཝན་གྱི་དམག་དཔུང་ཁག་མཉམ་འབྲེལ་བྱེད་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་རེད་ཅེས་བསྟན།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་ལ་འགོག་སྲུང་མ་ལག་ཡོད་པ་ནི་ཨ་རིའི་རྒྱལ་གཅེས་འགོག་སྲུང་འཕུར་མདེལ་གྱི་གློག་གཡིས་དང་གནམ་མདའ་གསུམ་པ་ཞེས་པ་དེ་ཡིན་ཞིང་། གནམ་མདའ་ནི་གནམ་གྲུ་དང་འཕེན་ཕོག་འཕུར་མདེལ། ཉེ་འཕེན་འཕུར་མདེལ་རྣམས་འགོག་སྤྱད་ཅིག་ཡིན་པ་དང་ཐེ་ཝན་གྱི་མཚོ་དམག་ལ་མཁའ་དབྱིངས་སྲུང་སྐྱོབ་ཀྱི་མཐུན་རྐྱེན་ཡོད་ཀྱང་ནུས་པ་ཆུང་། ཐེ་ཝན་གྱི་འཕུར་མདེལ་མང་ཆེ་བ་རྙིང་པ་དང་རྒྱང་ཁད་སྤྱི་ལེ་གསུམ་བཞི་རེར་མ་གཏོགས་མི་སྙོབ། རྒྱ་ནག་གི་འཕུར་མདེལ་འགོག་པར་ཐེ་ཝན་ལ་དེང་རབས་ཀྱི་འཕུར་མདེལ་གསར་པ་དགོས་ངེས་སུ་གྱུར། ཐེ་ཝན་གྱིས་བཟོས་པའི་མཁའ་དབྱིངས་སྲུང་སྐྱོབ་མ་ལག་དང་མཚོན་ཆ་རྣམས་ཡར་རྒྱས་གཏོང་དགོས་པར་མ་ཟད། ཁ་ལོ་བ་མེད་པའི་འཕུར་གྲུ་སྟོང་ཕྲག་མང་པོས་སྡེབ་གཅིག་ཏུ་ཚུར་རྒོལ་བྱུང་ན་འགོག་ཐུབ་པ་ཞིག་བྱ་དགོས། ཐེ་ཝན་ལ་ངེས་པར་དུ་ཨི་སི་རལ་ལྟར་ལྕགས་ཀྱི་བ་གམ་ཞེས་པའི་སྐམ་མཚོ་གཉིས་སུ་མཁའ་དབྱིངས་སྲུང་སྐྱོབ་ཀྱི་མཐུན་རྐྱེན་དགོས་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག

ཐེ་ཝན་གྱི་འཕུར་མདེལ་མང་ཆེ་བ་རྙིང་པ་དང་རྒྱང་ཁད་སྤྱི་ལེ་གསུམ་བཞི་རེར་མ་གཏོགས་མི་སྙོབ།
ཐེ་ཝན་གྱི་འཕུར་མདེལ་མང་ཆེ་བ་རྙིང་པ་དང་རྒྱང་ཁད་སྤྱི་ལེ་གསུམ་བཞི་རེར་མ་གཏོགས་མི་སྙོབ།

ཐེ་ཝན་གཞུང་གིས་འཕྲལ་དུ་མཁའ་དབྱིངས་སྲུང་སྐྱོབ་ཡར་རྒྱས་གཏོང་བར་ལྕགས་ཀྱི་བ་གམ་འཛུགས་དགོས། ཨ་མི་རི་ཀའི་དམག་ལ་ལྕགས་ཀྱི་བ་གམ་མ་ལག་ཆ་ཚང་གཉིས་འཐོལ་པ་ཡོད་པ་དེར་ཅི་ཞིག་བྱ་དགོས་པ་མ་ཤེས་པར་བཞག་ཡོད་པས་ཐེ་ཝན་གྱིས་དེ་དག་རག་ཐབས་བྱ་དགོས། ཨ་མི་རི་ཀས་དཀྱིལ་ཤར་ས་ཁུལ་དང་ཏ་ཟིག་མཚོ་ཁུག དཀྱིལ་ཐིག་རྒྱ་མཚོའི་ནང་དུ་དམག་དཔུང་འགྲེམ་འཇོག་དང་དམག་དཔུང་བཀོད་འདོམས་ཁང་བཙུགས་ཡོད་པ་ལྟར་རྒྱ་གར་ནས་ཞི་བདེའི་རྒྱ་མཚོའི་བར་དུ་ཚུགས་ཐུབ་མེད་ཅིང་། ཨ་མི་རི་ཀས་ཉི་ཧོང་དང་ཐེ་ཝན་གྱི་ཉེ་འཁོར་དུ་དམག་གི་བཀོད་འདོམས་ཁང་བཙུགས་ནས་དམག་དཔུང་འགྲེམ་འཇོག་བྱས་ཡོད་པ་དེ་བས་ཀྱང་ཉུང་། ཨ་རིའི་ཧ་ཝ་དབྱི་མངའ་སྡེའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་གིས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དང་ཐེ་ཝན་ལ་བཀོད་འདོམས་བྱེད་ཐུབ་རྒྱུ་དཀའ་བར་སྣང་། ཨ་མི་རི་ཀས་རང་གི་དམག་དོན་གསང་བ་ཕྱི་ལ་མི་འཆོར་བའི་ཆེད་དུ་ཐེ་ཝན་མཉམ་འབྲེལ་བཀོད་འདོམས་ཁོངས་སུ་བཅུག་མེད་པ་རེད་ཅེས་བཀྲལ།།

ཉེ་ཆར་ཕྱི་ཟླ་༣་པའི་ཚེས་༡༢་ཉིན་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཐེ་ཝན་ལ་དཔུང་འཇུག་བྱས་ན་རྒྱ་མཚོ་མ་བརྒལ་བར་ཐར་ས་མེད། དེས་ན་ཐེ་ཝན་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་སྟོང་ཕྲག་མང་པོ་བཏང་སྟེ་རྒྱ་ནག་གི་དམག་གྲུ་རྣམས་མཚོ་ནང་དུ་སྣུབ་པའམ། ཡང་ན་ཨ་མི་རི་ཀ་ནས་ཁ་ལོ་བ་མེད་པའི་མཚོ་འོག་དམག་གྲུ་ཉོས་ནས་རྒྱ་ནག་གི་དམག་དཔུང་འགོག་ཐུབ་པའི་གྲ་སྒྲིག་བྱ་དགོས། ཡུཀ་རེན་གྱི་དམག་འཁྲུག་ལ་བལྟས་ནས་ཐེ་ཝན་ལ་རང་ལས་སྟོབས་ཤུགས་ཆེ་བ་དང་དམག་དཔུང་མང་བ། རང་ལས་མཚོན་ཆ་ཡག་པའི་དམག་དཔུང་ཞིག་ལ་ཁ་གཏད་གཅོག་པའི་དམག་འཁྲུག་ཇི་ལྟར་རྒྱག་དགོས་མིན་སློབ་གསོ་ཐོབ་ཡོད་ཤས་ཆེ། ད་ལྟ་ཨི་རི་དང་དབྱིན་ཇི་སོགས་ཀྱིས་ཨི་སི་རལ་ལ་རྒྱབ་སྐྱོར་བྱས་ནས་ཨི་རན་གྱི་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་བཀག་པ་དེ་ལ་བལྟས་ནས་ཐེ་ཝན་ལ་སླར་ཡང་ཉམས་མྱོང་གསར་པ་ཞིག་ཐོབ་ཡོད་ངེས་རེད་ཅེས་གནས་ཚུལ་སྤེལ་འདུག

གླེང་སྟེགས།

XS
SM
MD
LG