ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༡༦

ཞིས་ཅིན་ཕིང་དང་མ་དབྱིན་ཇུག་གི་ཐུག་འཕྲད་གྲོས་མོལ།


རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་དང་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གཉིས་པེ་ཅིང་དུ་ཐུག་འཕྲད་གྲོས་མོལ་བྱས་འདུག
རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་དང་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གཉིས་པེ་ཅིང་དུ་ཐུག་འཕྲད་གྲོས་མོལ་བྱས་འདུག

༄༅།། དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་དང་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གཉིས་པེ་ཅིང་དུ་ཐུག་འཕྲད་གྲོས་མོལ་བྱས་འདུག ཕྱི་ཟླ་༤་པའི་ཚེས་༡༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་གིས་ཕྱི་མིའི་རྗེས་དཔག་གིས་མཚོ་འགག་ཕྱོགས་གཉིས་སུ་ཆད་པའི་ཁྱིམ་ཚང་གཅིག་གི་བཟའ་མི་རྣམས་ཟླ་སྒྲིལ་བྱ་རྒྱུ་འགོག་མི་ཐུབ། ང་ཚོས་གྲོས་མོལ་བྱེད་མི་ཐུབ་པའི་གནད་དོན་ཅི་ཡང་མེད། ཕྱི་ལོགས་ཀྱི་ཐེ་གཏོགས་ཁག་གིས་རྒྱལ་ཁབ་དང་ཁྱིམ་ཚང་གཅིག་གི་བཟའ་མི་རྣམས་གཅིག་གྱུར་བྱ་རྒྱུ་འགོག་མི་ཐུབ་ཅེས་གྲོས་མོལ་འགོ་ཚུགས། ཞིས་ཅིན་ཕིང་གིས་ཕྱིའི་ཐེ་ཇུས་ཞེས་པ་དེ་གང་ལ་གོ་དགོས་མིན་གསལ་བཀྲོལ་མ་བྱས་ཀྱང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་མཚོན་ཆ་བཙོངས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་གོ་དགོས་པར་སྣང་། ད་ཐེངས་ཀྱི་ཐུག་འཕྲད་ནི་ཞིས་ཅིན་ཕིང་དང་མ་དབྱིན་ཇུག་གཉིས་ཐུག་འཕྲད་གྲོས་མོལ་བྱུང་བ་ཐེངས་གཉིས་པ་ཡིན་ཞིང་། ༢༠༡༥་ལོར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་ག་པུར་དུ་ཞིས་དང་མ་གཉིས་ཐུག་འཕྲད་ཐེངས་དང་པོ་བྱུང་།།

ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་མ་དབྱིན་ཇུག་ལ་ཐུག་འཕྲད་གྲོས་མོལ་བྱས་པའི་རིང་དེར་སྐུ་ཞབས་མ་དབྱིན་ཇུག་ཅེས་འབོད་པ་ལས་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ཞེས་ངག་ནས་མ་ཐོན། རྒྱ་ནག་གཞུང་གིས་དམངས་གཙོའི་ལམ་ལུགས་དར་ཡོད་པའི་ཐེ་ཝན་མཚོ་གླིང་ནི་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན་ཟེར། ཐེ་ཝན་གྱི་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་གྱིས་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་བའམ། ཡང་ན་རྒྱ་ནག་དང་ཐེ་ཝན་གཉིས་གཅིག་གྱུར་བྱ་དགོས་པའི་རྩ་དོན་ཁས་ལེན་བྱེད་ཀྱི་མེད་ཅིང་། མ་དབྱིན་ཇུག་ལ་ཐེ་ཝན་གྱི་སྲིད་གཞུང་དང་གོ་མིན་ཏང་གི་གོ་གནས་མེད་མོད། འོན་ཀྱང་ཁོ་པ་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་དང་གོ་མིན་ཏང་གི་མཐོ་རིམ་མི་སྣ་ཞིག་ཡིན་པས་མཚོ་འགག་ཕྱོགས་གཉིས་བར་དུ་ཞི་བདེ་བསྐྲུན་རྒྱུ་ཡིན་ཞེས་རྒྱ་ནག་ལ་འཚམས་འདྲིར་ལྷགས།།

མ་དབྱིན་ཇུག་གིས་༢༠༠༨་ནས་༢༠༡༦་བར་དུ་ཐེ་ཝན་གྱི་སྲིད་དབང་བཟུང་
མ་དབྱིན་ཇུག་གིས་༢༠༠༨་ནས་༢༠༡༦་བར་དུ་ཐེ་ཝན་གྱི་སྲིད་དབང་བཟུང་

མ་དབྱིན་ཇུག་གིས་༢༠༠༨་ནས་༢༠༡༦་བར་དུ་ཐེ་ཝན་གྱི་སྲིད་དབང་བཟུང་སྟེ་རྒྱ་ནག་ལ་འབྲེལ་བ་དམ་ཟབ་བཙུགས། མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་དོན་ཁས་བླངས། གཟའ་ལྷག་པའི་གྲོས་མོལ་སྐབས་སུ་ཞིས་ཅིན་ཕིང་གིས་མཚོ་འགག་ཕྱོགས་གཉིས་ཀྱི་མི་དམངས་རྣམས་རྒྱ་མི་རིགས་རེད། ང་ཚོ་སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་ཁ་བྲལ་དུ་གཏོང་མི་ཐུབ། ང་ཚོའི་འཁོན་རྩོད་དང་འགལ་ཟླ་སེལ་མི་ཐུབ་པ་ཅི་ཡང་མེད། སྐུ་ཞབས་མ་དབྱིན་ཇུག་གིས་ཐེ་ཝན་རང་བཙན་ལ་ངོ་རྒོལ་དང་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པར་བསྔགས་བརྗོད་ཡོད་ཅེས་རྒྱ་མི་རིགས་ཀྱི་འདུ་ཤེས་བསླངས་ནས་བློ་ཁ་བཀུག ཡིན་ནའང་རྒྱ་ནག་གིས་མཚོ་འགག་ཕྱོགས་གཉིས་དྲག་ཤུགས་ཀྱིས་གཅིག་གྱུར་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པའི་རྩ་དོན་མ་དོར། ཞིས་ཅིན་ཕིང་གིས་ཅི་ཙམ་དྲག་རྩུབ་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ཚེ། ཐེ་ཝན་མི་དམངས་རྣམས་དེ་ཙམ་གྱིས་རྒྱ་ནག་ལ་ཞེན་པོ་ལོག་ནས་སེམས་ཐག་རིང་དུ་སོང་།།

ཕྱི་ཟླ་༤་པའི་ཚེས་༡༠་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མ་དབྱིན་ཇུག་གིས་མཚོ་འགག་ཕྱོགས་གཉིས་ལ་ལམ་ལུགས་མ་འདྲ་བ་དར་ཡོད་ཀྱང་མི་དམངས་རྣམས་རྒྱ་ནག་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་དགོས། གལ་སྲིད་མཚོ་འགག་ཕྱོགས་གཉིས་ཀྱིས་དམག་འཁྲུག་བརྒྱབ་ན་རྒྱ་ནག་པ་ཚོས་ཐེག་ཐབས་མེད་པའི་དཀའ་སྡུག་ཅིག་ཏུ་མྱོང་བར་འགྱུར། ངས་ལྷག་བསམ་རྣམ་དག་གིས་མཚོ་འགག་ཕྱོགས་གཉིས་ཀྱི་མང་ཚོགས་ནས་གཙིགས་སུ་འཛིན་པའི་ལྟ་གྲུབ་དང་འཚོ་བའི་ལམ་སྲོལ་ལ་བརྩི་འཇོག་བྱས་ཏེ་ཞི་བདེ་རྒྱུན་འཁྱོངས་བྱེད་ཐུབ་པའི་རེ་བ་འཆང་ཡོད་ཅེས་ཞིས་ཅིན་ཕིང་ལ་གཏམ་ལན་བསློགས། རྒྱ་ནག་གིས་ཐེ་ཝན་ལ་དཔལ་འབྱོར་དང་ཚོང་ལས། དམག་དོན་དང་ཕྱི་འབྲེལ་བཅས་ཀྱི་གནོན་ཤུགས་སྤྲད་ནས་མཚོ་གླིང་དེའི་མི་དམངས་ལ་རང་ཉིད་རྒྱ་མི་རིགས་ཡིན་པའི་འདུ་ཤེས་བརླགས། ཐེ་ཝན་པ་བརྒྱ་ཆ་༨༠་ཡས་མས་ཤིག་གིས་ང་ཚོ་རྒྱ་མི་རིགས་མིན་ཞེས་ངོ་བོ་ཐ་དད་ཅིག་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་
ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་

ད་ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་སྐབས་སུ་རྒྱ་ནག་གིས་འོས་འདེམས་དེ་དམག་འཁྲུག་དང་ཞི་བདེའི་གདམ་ཀ་ཞིག་ཡིན་ཞེས་སྡིགས་ར་བསྐུལ། ཐེ་ཝན་གྱི་མི་མང་འོས་ཤོག་འཕེན་མཁན་ཚོས་རང་བཙན་གྱི་ལངས་ཕྱོགས་འཛིན་པའི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལེ་ཆིང་ཏེ་དང་ཞའོ་མེ་ཆིང་གཉིས་སྲིད་འཛིན་གཙོ་གཞོན་གཉིས་སུ་བདམས། རྒྱ་ནག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཐེ་ཝན་གྱི་གོ་མིན་ཏང་ལ་བསྟུད་མར་སྲིད་འཛིན་འོས་བསྡུའི་ཕམ་ཉེས་ཐེངས་གསུམ་བྱུང་། རྒྱལ་སྤྱིའི་དཀའ་རྙོག་འདུམ་སེལ་ཁང་གི་ཉམས་ཞིབ་པ་ཨ་མན་ཌ་ཞའོ་ཡིས་རྒྱ་གཞུང་ནས་མ་དབྱིན་ཇུག་བརྒྱུད་དེ་ཐེ་ཝན་གྱི་འགོ་ཁྲིད་ཚོས་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་དོན་ཁས་ལེན་བྱ་དགོས། དེ་ལྟར་བྱས་ན་རྒྱ་ནག་གིས་ཐེ་ཝན་ལ་གྲོས་མོལ་བྱེད་ཆོག་ཅེས་སྔོན་འགྲོའི་ཆ་རྐྱེན་ཅན་གྱི་གྲོས་འགོ་ཞིག་བཏོན། ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་ལེ་ཆིང་ཏེའི་གཞུང་གིས་རྒྱ་ནག་ལ་འགྲིག་མཐུན་གྱི་སྲིད་ཇུས་འཛིན་དགོས་པའི་སྔོན་བརྡ་བཏང་བར་སྙམ་ཞེས་བཀྲལ།།

ཐེ་ཝན་དུ་གནས་འཁོད་ཨི་ཊི་ལན་ཊིཀ་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་རྒྱ་ནག་ཚོགས་ཆུང་གི་ཉམས་ཞིབ་པ་ཝེན་ཏི་སུང་གིས་མ་དབྱིན་ཇུག་འཕོ་འགྱུར་ཕྱིན་ནས་ལོ་༨་འགྲོ་གྲབས་ཡོད་པ་རེད། ཁོ་པར་ཐེ་ཝན་གྱི་ཆབ་སྲིད་ལ་ཁ་ལོ་བསྒྱུར་ཐུབ་པའི་ནུས་པ་མེད་ཀྱང་རྒྱ་ནག་གིས་འབྲེལ་བ་བྱ་དགོས་པར་གྱུར། དེ་ནི་པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་ལ་བསྟུན་མཁས་བྱེད་པའི་ཐེ་ཝན་གྱི་སྲིད་དོན་པ་དབང་ཐང་ཅན་ཞིག་མ་རྙེད་ཀྱི་རྟགས་སུ་མངོན། རྒྱ་ནག་གཞུང་གིས་མ་དབྱིན་ཇུག་ལ་སྣེ་ལེན་བྱེད་ཀྱི་ཡོད་པ་ནི་ཐེ་ཝན་མི་དམངས་ཀྱི་བློ་སེམས་བཀུག་ནས་མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱ་རྒྱུའི་ཐབས་ཇུས་དེ་མཐའ་གཅིག་ཏུ་དོར་མེད་པ་སྟོན་ཐབས་ཤིག་རེད་ཞེས་བསྟན། ལོ་ན་༧༣་ལ་སོན་པའི་མ་དབྱིན་ཇུག་ཡང་ནས་ཡང་དུ་རྒྱ་ནག་ལ་བསྐྱོད། ན་ནིང་ཡང་མ་དབྱིན་ཇུག་ཉིན་༡༢་ལ་རྒྱ་ནག་གི་ས་གནས་ཁག་ཏུ་འཚམས་འདྲིར་ཕྱིན་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ཚོར་ཐུག་འཕྲད་བྱས་འདུག

མ་དབྱིན་ཇུག་གི་རྒྱ་ནག་སྐམ་ས་ཆེན་མོའི་འཚམས་འདྲི་དེར་ཐེ་ཝན་གཞུང་གིས་རྟོག་ཞིབ་གཟབ་ནན་བྱེད་ཀྱི་ཡོད་ཀྱང་གནད་འགག་ཆུང་དུ་གཏོང་ཐབས་སུ་འབད། ཐེ་ཝན་གྱི་ཏན་ཅང་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་དང་ཕྱི་འབྲེལ་རིག་པའི་སློབ་དཔོན་ཇཱེམ་སི་ཁྲེན་གྱིས་བཤད་པ་ལྟར་ན། ཐེ་ཝན་གཞུང་གིས་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གི་འཚམས་འདྲི་དེ་སྒེར་དོན་དང་བགྲེས་ཡོལ་དུ་ཕེབས་ཟིན་པའི་མི་ཞིག་གི་སྤྲོ་འཆམ་དུ་བརྩིས་འདུག གོ་མིན་ཏང་གིས་མ་དབྱིན་ཇུག་རྒྱ་ནག་ལ་ཕྱིན་པའི་གྲུབ་འབྲས་རྣམས་སྒྲོགས་འདོད་ཡོད་ཀྱང་ཐེ་ཝན་མི་དམངས་རྣམས་མཚོ་འགག་ཕྱོགས་གཉིས་བར་དུ་འབྲེལ་བ་དམ་ཟབ་འཛིན་འདོད་མེད། གོ་མིན་ཏང་ནི་ཐེ་ཝན་གྱི་ཕྱོགས་འགལ་ཚོགས་པ་ཆེ་ཤོས་ཡིན་པར་མ་ཟད། ཁོ་ཚོས་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ་ལས་ཀྱང་ཨ་རི་དང་རྒྱ་ནག་གཉིས་ལ་འབྲེལ་བ་ཡག་ག་འཛིན་ཐུབ་ཀྱི་ཡོད་ཅེས་སྟོན་པར་འདོད། མ་དབྱིན་ཇུག་གི་འཚམས་འདྲི་དེས་དོན་དངོས་སུ་གོ་མིན་ཏང་ལ་ཕན་རྒྱུའི་ཚབ་ཏུ་གནོད་བསྐྱལ་འདུག་ཅེས་སྨྲས།།

ཕྱི་ཟླ་༤་པའི་ཚེས་༩་ཉིན་ཐེ་པེ་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱི་དམག་སྤྱི་ཟུར་པ་དང་རྒྱལ་སྲུང་སློབ་ཆེན་གྱི་ཧྥུ་ཤཱིང་ཁཱང་སློབ་གླིང་གི་འགན་འཛིན་ཡུའི་ཙུང་ཅིས་རྒྱ་ནག་གི་ལག་ཏུ་མ་དབྱིན་ཇུག་ལྟ་བུའི་བླུན་པོ་ཞིག་ལས་མ་རག་པ་འདྲ། རྒྱ་ནག་གིས་མ་དབྱིན་ཇུག་བེད་སྤྱོད་བྱས་ནས་ཉི་ཧོང་དགྲ་རུ་འཛིན་པ་དང་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་ཡོང་ཐབས་བྱེད་དུ་འཇུག་གི་འདུག རྒྱ་ནག་དམར་ཤོག་ཚོགས་པར་མི་དགོས་པའི་དུས་སུ་མ་དབྱིན་ཇུག་གཡུག་ཆོག་ཆོག་རེད། གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཉི་ཧོང་གི་སྲིད་བློན་ཀི་ཤཱི་དྷ་གཉིས་ཕོ་བྲང་དཀར་པོར་ཐུག་འཕྲད་བྱེད་ཀྱི་ཡོད་པའི་སྐབས་དང་བསྟུན་ནས་ཞིས་ཅིན་ཕིང་གིས་མ་དབྱིན་ཇུག་ལ་ཐུག་འཕྲད་བྱས་པ་རེད། རྒྱ་ནག་གིས་གོ་མིན་ཏང་ལ་དུས་རབས་༢༠་པའི་ནང་དུ་ཉི་ཧོང་ལ་ལོ་༨་ཀྱི་རིང་དམག་འཁྲུག་བརྒྱབ་པ་དྲན་སྐུལ། གོ་མིན་ཏང་བརྒྱུད་ནས་ཐེ་ཝན་དང་ཉི་ཧོང་གི་འབྲེལ་བ། ཐེ་ཝན་དང་ཨ་རིའི་འབྲེལ་བ་ཉམས་དམས་སུ་གཏོང་རྒྱུའི་ཐབས་ཇུས་ཤིག་ལག་ལེན་བསྟར་གྱི་འདུག་ཅེས་བཤད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG