ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༠༥

མ་དབྱིན་ཇུག་རྒྱ་ནག་ལ་ཕེབས་ནས་ཞི་བདེ་སྐྲུན་ཐབས་སུ་འབད།


ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་ཐེ་ཝན་རྒྱལ་སྤྱིའི་གནམ་ཐང་
ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་ཐེ་ཝན་རྒྱལ་སྤྱིའི་གནམ་ཐང་

༄༅།། ཉེ་ཆར་ཐེ་ཝན་ལ་འོས་བསྡུ་བྱས་ནས་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལེ་ཆིང་ཏེ་དང་ཞའོ་མེ་ཆིང་གཉིས་སྲིད་འཛིན་གཙོ་གཞོན་གཉིས་ལ་བདམས། རྒྱ་ནག་གིས་འོས་བསྡུ་དེ་དམག་འཁྲུག་དང་ཞི་བདེའི་གདམ་ཀ་ཞིག་ཡིན་ཞེས་ཐེ་ཝན་མི་དམངས་ལ་སྡིགས་ར་བསྐུལ། ཕྱི་ཟླ་༤་པའི་ཚེས་༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་ཉི་མ་༡༡་ལ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ནས་ཕྱོགས་གཉིས་འབྲེལ་བ་ཡར་རྒྱས་དང་ཞི་བདེ་བསྐྲུན་རྒྱུ། བདུན་ཕྲག་རྗེས་མར་ཞིས་ཅིན་ཕིང་ལ་ཐུག་འཕྲད་བྱ་རྒྱུའི་གནས་ཚུལ་ཐོན་འདུག མ་དབྱིན་ཇུག་གིས་༢༠༠༨་ནས་༢༠༡༦་བར་དུ་ཐེ་ཝན་གྱི་སྲིད་དབང་བཟུང་སྟེ་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་དོན་ཁས་བླངས། ༢༠༡༥་ལོར་མ་དབྱིན་ཇུག་དང་ཞིས་ཅིན་ཕིང་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་དུ་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་བྱུང་།།

མ་དབྱིན་ཇུག་དང་ཞིས་ཅིན་ཕིང་ ༢༠༡༥ལོར་
མ་དབྱིན་ཇུག་དང་ཞིས་ཅིན་ཕིང་ ༢༠༡༥ལོར་

མ་དབྱིན་ཇུག་དང་རྒྱ་ནག་གཞུང་གཉིས་ཀས་ཞིས་ཅིན་ཕིང་ལ་ཐུག་འཕྲད་བྱ་འཆར་ཡོད་ཅེས་ངེས་གཏན་བྱས་མེད་ཀྱང་ཐེ་ཝན་གྱི་གསར་འགྱུར་ལས་ཁུངས་ཁག་གིས་ཡོངས་གྲགས་སུ་བསྒྲགས། ཐེ་ཝན་གྱི་སྲིད་འཛིན་ཟུར་པའི་འཚམས་འདྲི་དེར་རྒྱུས་མངའ་ཟབ་ཡོད་པའི་མི་གསུམ་གྱིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་ལ་བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་ཉིན་པེ་ཅིང་དུ་མ་དབྱིན་ཇུག་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱ་འཆར་ཡོད་པ་རེད་ཅེས་ནང་མོལ་བྱས་འདུག རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་ལ་མ་ཕེབས་གོང་དུ་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གིས་ཐེ་ཝན་གྱི་གནམ་ཐང་དུ་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཁོ་པའི་འཚམས་འདྲི་དེ་ཞི་བདེ་དང་མཛའ་འབྲེལ་གྱི་འཚམས་འདྲི་ཞིག་ཡིན། ཐེ་ཝན་མི་དམངས་རྣམས་ཞི་བདེ་ལ་དགའ་བ་དང་དམག་འཁྲུག་ལ་གཡོལ་ཐུབ་པའི་རེ་བ་འཆང་ཡོད་པ་གསལ་སྟོན་བྱ་འཆར་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། རྒྱ་ནག་གཞུང་གིས་སྐུ་ཞབས་མ་དབྱིན་ཇུག་ཅེས་འབོད་པ་ལས་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་སོགས་གཞུང་འབྲེལ་གྱི་མཚན་གནས་ཅི་ཡང་མ་གླེང་།།

རྒྱ་ནག་གཞུང་གིས་ཐེ་ཝན་ནི་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན། གལ་ཏེ་རྒྱ་ནག་གིས་དམག་རྒྱག་དགོས་ཐུག་ཀྱང་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་ངར་སྐད་འཐེན། ལོ་ཤས་གོང་དུ་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་ཧོང་ཀོང་ལྟར་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་ཆོག་ཅེས་གྲོས་གཞི་བཏོན། ཐེ་ཝན་གྱིས་རྒྱ་ནག་གི་གྲོས་གཞི་དེར་མོས་མཐུན་མེད། ཐེ་ཝན་གྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་ཆོག་པའི་དབང་ཚད་ནི་མཚོ་གླིང་དེའི་མི་དམངས་ས་ཡ་༢༣་ལ་ཡོད་ཅེས་དགག་པ་བརྒྱབ། རྒྱ་ནག་གིས་༡༩༩༢་ལོར་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་གྲོས་མཐུན་བྱུང་ཡོད། ཐེ་ཝན་གྱིས་གྲོས་མཐུན་དེར་བརྩི་འཇོག་བྱ་དགོས་ཞེས་གནོན་ཤུགས་སྤྲད། སྲིད་འཛིན་ཚེ་དབྱིན་ཝེན་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་དོན་ལ་མ་འཐད། ཐེ་ཝན་ལ་དམག་དོན་དང་ཕྱི་འབྲེལ། དཔལ་འབྱོར་དང་ཚོང་ལས་སོགས་ཕྱོགས་གང་ཐད་དུ་གནོན་ཤུགས་ཐེབས།།

སྲིད་འཛིན་ཟུར་པ་མ་དབྱིན་ཇུག་ཐེ་ཝན་གྱི་ཕྱོགས་འགལ་ཚོགས་པ་གཙོ་བོ་གོ་མིན་ཏང་གི་མཐོ་རིམ་མི་སྣ་ཞིག་ཡིན་རུང་སྲིད་དོན་ཚོགས་པ་དེའི་གཞུང་འབྲེལ་གྱི་གོ་གནས་གང་ཡང་བཟུང་མེད་ཅིང་། གོ་མིན་ཏང་ལ་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་ཐེངས་གསུམ་གྱི་སྐབས་སུ་ཕམ་ཉེས་བྱུང་སྟེ་སྲིད་དོན་ཚོགས་པ་དེ་ཁ་ཕྱོགས་གང་དུ་བསྐྱོད་དགོས་མིན་མ་ཤེས་པར་བཞི་མདོ་ཞིག་ཏུ་ལྷགས། ༡༩༤༩་ལོར་རྒྱ་ནག་ནས་ཐེ་ཝན་ལ་བཙན་བྱོལ་དུ་འབྱོར་བའི་གོ་མིན་ཏང་གི་མི་རབས་རྒན་པ་ཚོས་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས། ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱ་དགོས་པའི་ལངས་ཕྱོགས་བཟུང་མོད། འོན་ཀྱང་གོ་མིན་ཏང་གི་མི་རབས་གསར་པ་ཚོ་དམར་ཤོག་གི་དབང་བསྒྱུར་འོག་ཏུ་ཚུད་འདོད་མེད། ཁོ་ཚོས་ཐེ་ཝན་གྱི་གནས་བབ་དེ་ཉིད་རྒྱུན་འཁྱོངས་བྱ་རྒྱུ་དོན་དུ་གཉེར། དམངས་གཙོ་ཡར་ཐོན་ཚོགས་པས་ཐེ་ཝན་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན། ཐེ་ཝན་པ་ཚོ་རྒྱ་མི་རིགས་མིན། མཚོ་གླིང་དེར་རང་གི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ངོ་བོ་ཞིག་ཡོད་ཟེར།།

ཕྱི་ཟླ་༤་པའི་ཚེས་༡་ཉིན་ཐེ་པེ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། མཚོ་འགག་ཕྱོགས་གཉིས་བར་དུ་དམག་འཁྲུག་ལང་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པའི་སྐབས་འདིར་ཐེ་ཝན་དང་རྒྱ་ནག་གི་ཤེས་ཡོན་ཅན་ཚོས་ཧྲང་ཧེ་གྲོང་ཁྱེར་དུ་རིག་གཞུང་གི་ཚོགས་འདུ་ཞིག་བསྐོངས། ཁོ་ཚོས་མཚོ་འགག་ཕྱོགས་གཉིས་ལ་ཤ་ཁྲག་གི་འབྲེལ་བ་ཡོད་པས་ཞི་བདེ་དོན་གཉེར་བྱ་རྒྱུ་གཙིགས་སུ་འཛིན་དགོས། ཧྲང་ཧེའི་སྤྱི་དམངས་འབྲེལ་ལམ་ཉམས་ཞིབ་ཁང་གི་སྤྱི་ཁྱབ་འགན་འཛིན་ལི་མཱིས་མཚོ་འགག་ཕྱོགས་གཉིས་ལ་ཤ་ཁྲག་གི་འབྲེལ་བ་མེད་ན་འགྲན་སྡུར་གྱི་སྟོབས་ཤུགས་ཤིག་ཏུ་འགྱུར་རྒྱུ་རེད་ཅེས་བསྟན། ཐེ་ཝན་གྱི་གོ་མིན་ཏང་གི་གྲོས་ཚོགས་འཐུས་མི་ཤེ་ལུང་ཅེ་ནས་ང་ཚོས་ཐུན་མོང་གི་སྐད་ཡིག་ཅིག་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དང་མི་དམངས་ལ་ཤ་ཁྲག་གི་འབྲེལ་བ་ཡོད་པ་རེད། ང་ཚོས་ཕན་ཚུན་དམག་འཁྲུག་རྒྱག་རྒྱུ་ནི་ཧ་ཅང་གི་གདུག་རྩུབ་ཆེན་པོ་ཞིག་ཡིན་པ་དང་ཞི་བདེའི་ས་བོན་བཏབ་ནས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱ་བསྐྱེད་དགོས་ཞེས་གཏམ་བཤད་བྱས་འདུག

རྒྱ་ནག་པའི་སློབ་གསོ་དང་རིག་གཞུང་། དཔལ་འབྱོར་དར་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཅིང་ཡུས་ྃ་ཐེ་ཝན་དང་རྒྱ་ནག་གཉིས་ཀྱིས་དཔལ་འབྱོར་དང་འགྲིམ་འགྲུལ། ཚོང་འབྲེལ་འཛུགས་རྒྱུ་ཁོ་ན་མིན་པར་རིག་གཞུང་དང་ཆ་འཕྲིན་བརྗེ་རེས་ཀྱི་འབྲེལ་བའང་འཛུགས་ཞེས་འབོད་སྐུལ་ཞུས། ཧང་ཧེའི་ཐེ་ཝན་ལས་དོན་ཁང་གི་འགན་འཛིན་ཀྲུང་ཞའོ་མིན་གྱིས་ན་ནིང་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་རྒྱ་ནག་ལ་ཕེབས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་བྱུང་ཡོད། ང་ཚོའི་ཚོགས་འདུ་འདི་ལའང་མཇུག་འབྲས་འདྲ་མཚུངས་ཤིག་སྨིན་ཐུབ་པའི་རེ་བ་ཡོད་ཅེས་རེ་ལྟོས་བཅངས། ད་ལོའི་ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་བསྡུའི་སྔོན་དེར་རྒྱ་ནག་གིས་ཐེ་ཝན་གྱི་ཚོ་ཤོག་ཁག་གི་སྡེ་དཔོན་རྣམས་དང་ས་གནས་ཁག་གི་གནད་ཡོད་མི་སྣ། གཞི་རིམ་གྱི་འགོ་ཁྲིད་སོགས་མི་སྟོང་ཕྲག་འགའ་ཞིག་རྒྱ་ནག་ལ་གདན་འདྲེན་ཞུས་ནས་གསོལ་སྟོན་བཤམས་པ་དང་ལྟ་སྐོར་དུ་ཁྲིད།།

ཐེ་ཝན་གཞུང་གིས་ཕྱོགས་གཅིག་ནས་རྒྱ་ནག་ལ་འབྲེལ་བ་བཙུགས་ནས་ཞི་བདེ་བསྐྲུན་ཐབས་བྱེད་ཀྱི་ཡོད་པར་མ་ཟད། ཕྱོགས་གཞན་དེར་རྒྱལ་སྤྱིའི་ཐོག་ཏུ་འབྲེལ་བ་རྒྱ་བསྐྱེད། ཕྱི་ཟླ་༣་པའི་ཚེས་༣༡་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་སྤེན་པའི་ཉིན་དབྱིན་ཇིའི་གྲོས་ཚོགས་གོང་འོག་གི་ལས་རྩོལ་ཚོགས་པའི་ཐེ་ཝན་གྱི་གྲོགས་པོ་ཞེས་པའི་སྐུ་ཚབ་ཚོགས་པ་ཞིག་མཚོ་གླིང་དེར་འབྱོར། ཁོ་ཚོས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་ཚོང་ལས་དང་འཕྲུལ་རིག་ལག་རྩལ་ཡར་རྒྱས་གཏོང་རྒྱུའི་གྲོས་མོལ་བྱས་པར་རྒྱ་ནག་གིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་སྟེ། དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ཐེ་ཝན་ལ་བསྐྱོད་ཡོད་པ་ནི་རྒྱ་ནག་གཅིག་གི་རྩ་དོན་ལ་རྒྱབ་འགལ་རེད། དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་ཚབས་ཆེན་ཞིག་རེད། འཚམས་འདྲི་དེས་ཐེ་ཝན་གྱི་རང་བཙན་ཤོག་ཁག་གི་ཁ་བྲལ་རིང་ལུགས་པ་ཚོར་གོ་བརྡ་ལོག་པ་ཞིག་བཏང་བ་རེད་ཅེས་སྐྱོན་བཙུགས།།

ཕྱི་ཟླ་༣་པའི་ཚེས་༢༦་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱིས་རྒྱ་ནག་ལ་འབྲེལ་བ་བྱས་ནས་ཞི་བདེ་སྐྲུན་ཐབས་བྱེད་ཀྱི་ཡོད་པ་དང་ཆབས་ཅིག ཐེ་ཝན་གྱི་དམག་གི་སྟོབས་ཤུགས་ཡར་རྒྱས་བཏང་ནས་དམག་འཁྲུག་གི་གྲ་སྒྲིག་ལ་བྲེལ། དཔེར་ན་ཐེ་ཝན་གྱིས་ཨ་རི་ནས་ནང་འདྲེན་བྱས་པའི་འཕུར་མདེལ་འགོག་སྲུང་མཚོན་ཆ་དང་གནམ་གྲུའི་མེ་སྒྱོགས་མ་ལག་ཚོད་ལྟ། ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ཚོད་ལྟ་དེ་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་མཉམ་འབྲེལ་བྱེད་ཐུབ་པའི་དམག་སྦྱོང་ཞིག་ཡིན། རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་ལ་འཇིགས་སྐུལ་བྱེད་ཀྱི་འདུག དེང་སྐབས་ཉི་མ་རྟག་པར་རྒྱ་ནག་གི་མཚོ་དམག་དང་གནམ་དམག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་སྐོར་གཡེང་བྱ་རྒྱུ་མཚམས་མི་ཆད། བདུན་ཕྲག་སྔོན་མར་རྒྱ་ནག་གི་དམག་འཐབ་གནམ་གྲུ་༣༦་ཐེ་ཝན་གྱི་ཉེ་འཁོར་དུ་འཕུར་ནས་དཔུང་སྟོབས་ངོམ་སོང་ཞེས་བཀྲལ། ཐེ་ཝན་གྱིས་རང་ཡུལ་དུ་བཟོས་པའི་དམག་གྲུ་གསར་པ་གཉིས་མཚོ་དམག་ལ་བཀྲམ་ནས་རྒྱ་ནག་ལ་ཁ་གཏད་གཅོག་གི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG