ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༠

ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་རྒྱ་ནག་ལ་བསྐྱོད་འཆར། 


༄༅།། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གིས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་ཟླ་བ་འདི་ཚེས་༢༧་ནས་ཕྱི་ཟླ་༤་པའི་ཚེས་༧་བར་དུ་ཉིན་༡༢་ལ་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་དེ་མེས་པོ་རྣམས་ཀྱི་དུར་སར་མཆོད་འབུལ་དང་མཚོ་འགག་ཕྱོགས་གཉིས་ཀྱི་ན་གཞོན་ཚོའི་མཛའ་འབྲེལ་གོང་འཕེལ། རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་སྡུག་ཏུ་ཕྱིན་ཏེ་ཛ་དྲག་ཆེ་རུ་འགྲོ་བཞིན་པ་ཞི་འཇམ་གཏོང་ཐབས་བྱ་རྒྱུའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༣་པའི་ཚེས་༢༠་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་ལས་སྣེ་ཚོས་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀ་བརྒྱུད་ནས་དབུས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་ཡོད་པ་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཁེ་ཝེན་མར་ཁར་ཐིས་ཨ་རིའི་ས་ཐོག་ཏུ་མཇལ་འཕྲད་གནང་གི་ཡོད་པའི་སྐབས་དེར་མ་དབྱིན་ཇུག་རྒྱ་ནག་ལ་ཕེབས་ཀྱི་ཡོད་པ་ནི་སྲིད་འཛིན་ཚེ་དབྱིན་ཝེན་གྱི་མཛད་འཕྲིན་ལ་གཏོར་བརླག་བྱེད་ཀྱི་ཡོད་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག

སྲིད་འཛིན་ཚེ་དབྱིན་ཝེན་གྱི་ལས་ཁུངས་ནས་མ་དབྱིན་ཇུག་རྒྱ་ནག་ལ་འཚམས་འདྲིར་ཕེབས་འཆར་ཡོད་ཅེས་གཟའ་ཟླ་བའི་ཉིན་སྙན་སེང་ཞུས་བྱུང་། མ་དབྱིན་ཇུག་རྒྱལ་ཁབ་ཀྱི་འགོ་ཁྲིད་ཟུར་པ་ཞིག་ཡིན་པའི་ཆ་ནས་ཐེ་ཝན་གྱི་དམངས་གཙོ་དང་རང་དབང་གི་རིན་ཐང་རྣམས་རྒྱ་ནག་ལ་སྟོན་ཐུབ་པའི་རེ་བ་ཡོད། ཁོང་གིས་མཚོ་འགག་ཕྱོགས་གཉིས་འདྲ་མཉམ་དང་ཆེ་མཐོང་ལྡན་པའི་ལངས་ཕྱོགས་འཛིན་དགོས་ཞེས་གསལ་བསྒྲགས་སྤེལ། མ་དབྱིན་ཇུག་གི་འཚམས་འདྲི་དེ་༡༩༤༩་ནས་ཐེར་ཝན་གྱི་སྲིད་འཛིན་ཟུར་པ་ཞིག་རྒྱ་ནག་ལ་བསྐྱོད་པ་ཐེངས་དང་པོར་འགྱུར་རྒྱུ་ཡིན་ཞིང་། ཐེ་ཝན་གྱི་སྐུ་ཚབ་ཚོགས་པའི་ཁོངས་སུ་མ་དབྱིན་ཇུག་གི་སྲིད་གཞུང་གི་ལས་སྣེ་ཟུར་པ་ཁག་ཅིག་དང་མ་དབྱིན་ཇུག་གི་སློབ་ཕྲུག་ཟུར་པ་ཁག་ཅིག་འདུས། ཁོ་ཚོ་རྒྱ་ནག་གི་ནན་ཅིང་དང་ཝུ་ཧན། ཁྲང་ཧྲ་དང་ཁྲུང་ཆིང་། ཧྲང་ཧེ་བཅས་ལ་བསྐྱོད་རྒྱུའི་འཆར་གཞི་བཀོད། ཐེ་ཝན་གྱི་སྲིད་འཛིན་ཟུར་མ་དབྱིན་ཇུག་གི་ཐེབས་རྩ་ཁང་གི་འགན་འཛིན་ཞའོ་ཤུའི་ཙེང་གིས་མཚོན་ཆ་ཉོ་རྒྱུའི་ཚབ་ཏུ་མཚོ་འགག་ཕྱོགས་གཉིས་ཀྱི་ན་གཞོན་ཚོའི་འབྲེལ་བ་ཡར་རྒྱས་བཏང་ན་ལེགས། ན་གཞོན་ཚོའི་མཛའ་འབྲེལ་ཅི་ཙམ་ཡར་རྒྱས་གཏོང་ཐུབ་ན་དེ་ཙམ་གྱི་མཚོ་འགག་ཕྱོགས་གཉིས་ཀྱི་ཛ་དྲག་ཆུང་དུ་གཏོང་ཐུབ་ཅེས་བཀྲལ།།

༢༠༠༨་ནས་༢༠༡༦་བར་དུ་མ་དབྱིན་ཇུག་གིས་ཐེ་ཝན་གྱི་སྲིད་དབང་བཟུང་བའི་རིང་དེར་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་ཡག་ཏུ་སོང་། མ་དབྱིན་ཇུག་གི་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་དོན་ཁས་བླངས། ༢༠༡༦་ལོར་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཚེ་དབྱིན་ཝེན་སྲིད་འཛིན་ལ་འདེམས་ཐོན་བྱུང་བའི་རྗེས་སུ་མཚོ་འགག་ཕྱོགས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་དོན་ལ་མ་འཐད། ཚེ་དབྱིན་ཝེན་གྱི་གཞུང་གིས་ཨ་མི་རི་ཀ་ནས་མཚོན་ཆ་ནང་འདྲེན་བྱ་རྒྱུ་མང་དུ་བཏང་བ་དང་རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་ལ་དམག་གིས་སྡིགས་ར་བསྐུལ་རྒྱུ་ཞུགས་ཆེ་རུ་གཏོང་མགོ་བརྩམས། ཞའོ་ཤུའི་ཙེང་གིས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་ཕྱིན་ཏེ་དམག་འཁྲུག་གི་ཉེན་ཁ་ཡོད་པར་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གིས་བློ་འཚབ་བྱེད་ཀྱི་འདུག ཁོང་རྒྱ་ནག་སྐམ་ས་ཆེན་མོར་ཕེབས་ནས་མེས་པོ་ཚོར་དུར་མཆོད་དང་མཚོ་འགག་ཕྱོགས་གཉིས་ཀྱི་ན་གཞོན་ཚོའི་འབྲེལ་བ་ཡར་རྒྱས་བཏང་སྟེ་དམག་འཁྲུག་གི་ཉེན་ཁ་བཟློག་ཐུབ་པའི་རེ་ལྟོས་འཆང་གི་འདུག་ཅེས་སྨྲས།།

ཕྱི་ཟླ་༣་པའི་ཚེས་༢༠་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་སྔོན་མར་ཐེ་ཝན་གྱི་གོ་མིན་ཏང་གི་གཙོ་འཛིན་གཞོན་པ་ཞཱ་ལི་ཡན་སོགས་པེ་ཅིང་ལ་འཚམས་འདྲིར་བསྐྱོད་དེ་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཝང་ཧུ་ནིང་ལ་ཐུག་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་གོ་མིན་ཏང་ལ་འབྲེལ་བ་བཙུགས་ཏེ་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འགོ་ཁྲིད་པའི་ཐེ་ཝན་གཞུང་ལ་འབྲེལ་བ་བཅད། ༢༠༡༥་ལོར་གོ་མིན་ཏང་གི་འགོ་ཁྲིད་མ་དབྱིན་ཇུག་དང་གུང་ཁྲན་ཏང་གི་འགོ་ཁྲིད་ཞིས་ཅིན་གཉིས་སིངྒ་པུར་དུ་ཐུག་འཕྲད་ཐེངས་དང་པོ་བྱུང་། མ་དབྱིན་ཇུག་གི་ཐེབས་རྩ་ཁང་གིས་ཐེངས་འདིའི་འཚམས་འདྲིའི་སྐབས་སུ་མ་དབྱིན་ཇུག་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱ་རྒྱུའི་འཆར་འགོད་བྱས་མེད་ཅེས་བསྒྲགས། གོ་མིན་ཏང་གིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་དང་རྒྱ་ནག་ལ་འབྲེལ་བ་བཟང་པོ་འཛིན་དགོས་པའི་ལངས་ཕྱོགས་བཟུང་ཡོད་པས་ཐེ་ཝན་གྱི་སྤྱི་ཚོགས་སུ་གོ་མིན་ཏང་ནི་རྒྱ་ནག་གི་ཕྱོགས་གཏོགས་སྲིད་དོན་ཚོགས་པ་ཞིག་ཡིན་པའི་ལྟ་ཚུལ་ཐོན།།

དེ་རིང་གཟའ་ཟླ་བའི་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མ་དབྱིན་ཇུག་གིས་ཐེ་ཝན་གྱི་སྲིད་དབང་བཟུང་བའི་དུས་སུ་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་ཕྱིན་མོད། འོན་ཀྱང་མ་དབྱིན་ཇུག་གི་འཚམས་འདྲི་འདིས་དེང་སྐབས་རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་གྱི་མངའ་ཁོངས་སུ་གནམ་གྲུ་དང་དམག་གྲུ་དཔུང་འཛུལ་བྱས་ནས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་འགོག་དཀའ། ལྷག་པར་དུ་ཐེ་ཝན་དང་རྒྱ་ནག་གི་འབྲེལ་བ་ཆད་ཡོད་པ་སླར་གསོ་བྱེད་ཐུབ་རྒྱུ་ཡིན་མིན་ནི་ངེས་གཏན་མི་འདུག་ཅེས་བསྟན། མ་དབྱིན་ཇུག་གི་ཐེབས་རྩ་ཁང་གི་འགན་འཛིན་ཞའོ་ཤུའི་ཙེང་གིས་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་པེ་ཅིང་ལ་ཕེབས་ཀྱི་མེད། ཁོང་གིས་ཧྲང་ཧེ་གྲོང་ཁྱེར་དུ་གཞིས་ཚུགས་ཡོད་པའི་ཧྥུ་ཏན་སློབ་གྲྭ་ཆེན་མོར་གཏམ་བཤད་དང་ཕྱི་ཟླ་༤་པའི་ཚེས་༡་ཉིན་རྒྱ་ནག་གི་ཧུ་ནན་ཞིང་ཆེན་གྱི་ཤང་ཐན་ས་གནས་སུ་མེས་པོ་རྣམས་ཀྱི་དུར་སར་མཆོད་འབུལ་བྱ་འཆར་ཡོད། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་མཚམས་ཆད་པ་ནི་ཉེན་ཁ་ཞི་རེད་ཅེས་བཤད།།

ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་སྐམ་ས་ཆེན་མོའི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་མ་ཞའོ་ཀོང་གིས་མ་དབྱིན་ཇུག་གི་འཚམས་འདྲི་དེ་ཕྱོགས་གཉིས་ཀྱི་ན་གཞོན་ཚོའི་འབྲེལ་བ་ཡར་རྒྱས་གཏོང་ཐབས་དང་མཚོ་འགག་ཕྱོགས་གཉིས་ཀྱི་ཞི་བདེ་བརྟན་ལྷིང་ལ་གསོན་ཤུགས་གསར་པ་སྣོན་པའི་ཆེད་དུ་ཡིན། མཚོ་འགག་ཕྱོགས་གཉིས་ཀྱི་རྒྱ་ནག་མི་དམངས་ནས་རང་གི་མེས་པོ་རྣམས་ལ་དུར་མཆོད་བྱེད་པའི་དུས་སུ་མ་དབྱིན་ཇུག་རྒྱ་ནག་ལ་ཕེབས་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ། ད་ཐེངས་ཀྱི་འཚམས་འདྲིའི་སྐབས་སུ་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་ཐོག་མར་རྒྱ་ནག་གི་ནན་ཅིང་གྲོང་ཁྱེར་དུ་ཕེབས་ཏེ་༡༩༡༡་ལོར་སུང་ཀྲུང་ཧྲན་གྱིས་འགོ་ཁྲིད་ནས་རྒྱ་ནག་ལ་གསར་བརྗེ་བསླངས་ཏེ་མན་ཇུ་གོང་མའི་སྲིད་དབང་མགོ་རྟིང་བསློགས། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་བཙུགས་པའི་དུས་དྲན་ཁག་ལ་ཞུགས་རྒྱུ་དང་ལོ་རྒྱུས་ཀྱི་ས་གནས་ཁག་ཏུ་གཟིགས་ཞིབ་ལ་བསྐྱོད་རྒྱུ་ཡིན་འདུག མ་དབྱིན་ཇུག་ལོ་བཞིའི་སྔོན་ནས་རྒྱ་ནག་ལ་བསྐྱོད་འཆར་ཡོད་ཀྱང་ཏོག་དབྱིབས་ནད་ཡམས་དང་གཞུང་གི་སྒྲིག་གཞི་བཅས་ཀྱིས་ད་ལྟའི་བར་དུ་འགགས།།

ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པ་དང་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཚོ་མ་དབྱིན་ཇུག་གིས་ལྐོག་ཏུ་རྒྱ་ནག་ལ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་གྲོས་མཐུན་ཞིག་འཇོག་སྲིད་པའི་བློ་འཚབ་སྐྱེས། དམངས་གཙོ་ཡར་ཐོན་ཚོགས་པའི་མགྲིན་ཚབ་པ་ཀྲང་ཀྲི་ཧའོ་ཡིས་རྒྱ་ནག་གིས་ཐེ་ཝན་ལ་དམག་དང་ཕྱི་འབྲེལ། ཚོང་ལས་སོགས་ཕྱོགས་གང་ཐད་ནས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད། སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གིས་དོན་དངོས་ལ་སྣང་མེད་བཏང་ནས་རྒྱ་ནག་ལ་ཕེབས་ཀྱི་འདུག འཛམ་གླིང་ཧྲིལ་པོས་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ཁ་རྡུང་གཏོང་གི་ཡོད་ཀྱང་རྒྱ་ནག་གཅིག་པུས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། མ་དབྱིན་ཇུག་ནས་རྒྱ་ནག་གི་དོན་དམ་གྱི་ངོ་བོ་ཅི་ཡིན་ངོས་ཟིན་གྱི་མེད་པ་འདྲ། ཁོ་པ་རྒྱ་ནག་ལ་ཕེབས་ནས་གཞན་ལ་ཆབ་སྲིད་ཀྱི་བག་ཆགས་ངན་པ་ཞིག་འཇོག་རྒྱུ་ཡིན་པར་བསམ་བློ་གཏོང་དགོས། ཞིས་ཅིན་ཕིང་གི་འཇིགས་སྐུལ་འོག་ཏུ་ཐེ་ཝན་གྱིས་རྒྱ་ནག་ལ་གུ་བཤངས་བྱ་རྒྱུ་ཡིན་པའི་བག་ཆགས་ཤིག་འཇོག་སྲིད། སྲིད་འཛིན་ཚེ་དབྱིན་ཝེན་དབུས་ཨ་མི་རི་ཀའི་རྒྱལ་ཁ་གུ་ཊ་མ་ལ་དང་བྷེ་ལི་ཛེ་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པའི་སྐབས་སུ་གོ་མིན་ཏང་གི་འགོ་ཁྲིད་ཟུར་པ་མ་དབྱིན་ཇུག་རྒྱ་ནག་ལ་ཕེབས་ནས་སྲིད་འཛིན་ཚེ་དབྱིན་ཝེན་གྱི་གཟི་བརྗོད་གཅོག་ཐབས་བྱེད་ཡོད་པ་རེད་ཅེས་སྐྱོན་བཙུགས།།

མ་དབྱིན་ཇུག་གི་ཐེབས་རྩ་ཁང་གི་འགན་འཛིན་ཞའོ་ཤུའི་ཙེང་གིས་སྲིད་འཛིན་ཟུར་པའི་འཚམས་འདྲི་དེ་དུར་མཆོད་དུས་ཆེན་འབའ་ཞིག་ལ་བསྟུན་ནས་བཀོད་སྒྲིག་བྱས་པ་ཡིན། ཁོང་གི་མཛད་འཆར་ཁོངས་སུ་ཞིས་ཅིན་ཕིང་དང་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོར་ཐུག་འཕྲད་བྱ་འཆར་མེད། གལ་སྲིད་རྒྱ་ནག་གི་ས་གནས་ཁག་གི་འགོ་ཁྲིད་ཚོས་མ་དབྱིན་ཇུག་ལ་སྣེ་ལེན་ཞུས་ན་ཐུག་འཕྲད་བྱ་འཆར་ཡོད་ཅེས་སྐྱོན་འཛུགས་དེར་ལན་བཏབ། ཐེ་ཝན་གྱི་ཏན་ཅང་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ལི་ཏ་ཇུང་གིས་མ་དབྱིན་ཇུག་ནི་༢༠༡༥་ལོར་མཚོ་གླིང་དེའི་འགོ་ཁྲིད་ཅིག་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་ལ་ཐུག་འཕྲད་བྱེད་མཁན་དང་པོ་དེར་གྱུར། དེས་ན་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་ལ་མང་ཚོགས་ཀྱི་ཁྲོད་དུ་སྙན་གྲགས་ཆེན་པོ་འདུག ཁོང་གིས་རྒྱ་ནག་དང་ཐེ་ཝན་གཉིས་ཀྱིས་ཞི་བདེ་བསྐྲུན་དགོས་པའི་ཤུགས་སྣོན་བརྒྱབ་པར་མཚོ་འགག་ཕྱོགས་གཉིས་སུ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེ། མ་དབྱིན་ཇུག་གིས་ཕྱོགས་གཉིས་ཀྱི་ན་གཞོན་ཚོའི་འབྲེལ་བ་ཡར་རྒྱས་གཏོང་བའི་ལས་དོན་ཞིག་བསྒྲུབས་ནས་ཕྱོགས་གཉིས་ཀྱི་ན་གཞོན་ཚོར་ཉེན་ཁ་ངོས་ཟིན་དུ་འཇུག་ཐུབ་པ་དང་མཚོ་འགག་ཕྱོགས་གཉིས་ཀྱི་ཛ་དྲག་ཆུང་དུ་གཏོང་ཐུབ་པའི་ཕན་ཐོགས་འབྱུང་སྲིད་ཅེས་བཤད།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། སིངྒ་པུར་གྱི་ནན་དབྱང་འཕྲུལ་རིག་སློབ་གྲྭ་ཆེན་མོའི་རྒྱ་ནག་གི་ཕྱི་སྲིད་སློབ་དཔོན་ཧུ་ཐེན་བྷུན་གྱིས་མ་དབྱིན་ཇུག་གི་མཚམས་འདྲི་དེར་གྲུབ་འབྲས་ཅི་ཞིག་སྨིན་ཡང་མཚོན་དོན་ཙམ་དུ་ཟད། གལ་སྲིད་གྲུབ་འབྲས་ཤིག་ཐོན་རྒྱུ་ཡོད་ན་རྒྱ་ནག་ལ་ཁེ་ཕན་ཡོད་པ་ཞིག་ཏུ་འགྱུར་ཤས་ཆེ། རྒྱ་ནག་གིས་ཐེ་ཝན་དགྲ་རུ་འཛིན་གྱི་མེད་པ་དང་ཐེ་ཝན་མི་དམངས་རྣམས་དགྲ་རུ་འཛིན་གྱི་མེད། དམངས་གཙོ་ཡར་ཐོན་ཚོགས་པའི་ཁ་བྲལ་རིང་ལུགས་པ་ཚོས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་ཟླ་སློང་གི་ཡོད་པ་རེད་ཅེས་དྲིལ་བསྒྲགས་བྱ་སྲིད། ཡིན་ནའང་ངས་བལྟས་ན་མ་དབྱིན་ཇུག་གི་འཚམས་འདྲི་དེས་ལོ་རྗེས་མའི་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ལ་ཤུགས་རྐྱེན་ཐེབས་ཐུབ་རྒྱུ་དཀའ་བར་སྣང་ཞེས་སྨྲས། ཉམས་ཞིབ་པ་གཞན་ཚོས་ཀྱང་མ་དབྱིན་ཇུག་རྒྱ་ནག་ལ་ཕེབས་ནས་མཚོ་འགག་ཕྱོགས་གཉིས་ཀྱི་འགལ་ཟླ་སེལ་ཐུབ་རྒྱུ་ཁག་པོ་ཡིན་པའི་ལྟ་ཚུལ་བཟུང་། ཐེ་ཝན་གྱི་གོ་མིན་ཏང་གིས་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་བཏང་ནས་ལོ་རྗེས་མར་སྲིད་འཛིན་འོས་འདེམས་སྐབས་སུ་རྒྱལ་ཁ་ཐོབ་རྒྱུའི་རེ་ལྟོས་འཆང་། ཟླ་བ་སྔོན་མར་གོ་མིན་ཏང་གི་གཙོ་འཛིན་གཞོན་པ་རྒྱ་ནག་ལ་ཕེབས་པ་དང་ཐེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཅང་ཝན་ཨན་གྱིས་ཧྲང་ཧེ་གྲོང་ཁྱེར་གཞུང་གི་འགོ་ཁྲིད་ཚོར་སྣེ་ལེན་བྱས་པ་སོགས་ཀྱི་གནས་ཚུལ་ཐོན་འདུག

XS
SM
MD
LG