ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་གྱི་སྲིད་འཛིན་ཨ་རིའི་ས་ཐོག་ཏུ་འབབ་སྡོད་བྱ་རྒྱུ་གཏན་ཁེལ། 


༄༅།། ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོས་སྲིད་འཛིན་ཚེ་དབྱིན་ཝེན་དབུས་ཨ་མི་རི་ཀའི་རྒྱལ་ཁབ་གུ་ཊ་མ་ལ་དང་བྷེ་ལི་ཛེ་གཉིས་ལ་འཚམས་འདྲིར་ཕེབས་པའི་ཞོར་དུ་ནེའུ་ཡོག་དང་ལོ་སི་ཨན་ཇཱི་ལི་སི་གྲོང་ཁྱེར་དུ་འབབ་སྡོད་བྱ་འཆར་ཡོད་ཅེས་ངེས་གཏན་བྱས་འདུག ཕྱི་ཟླ་༣་པའི་ཚེས་༩་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀའི་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེར་འབབ་སྡོད་བྱེད་ཀྱི་ཡོད་པའི་དམིགས་ཡུལ་ནི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པ་ཁེ་ཝན་མར་ཁར་ཐིར་ཐུག་འཕྲད་བྱ་རྒྱུའི་འཆར་གཞི་ཡིན་ཞིང་། རྒྱ་ནག་གིས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པས་ཐེ་ཝན་གྱི་སྲིད་འཛིན་ལ་ཐུག་འཕྲད་བྱེད་མི་ཆོག ཨ་མི་རི་ཀས་རྒྱ་ནག་གཞུང་དམངས་གཉིས་ཀྱིས་རང་གི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད་པར་ཚོད་དཔག་དམའ་མི་ཉན་ཞེས་ཉེན་བརྡ་བཏང་འདུག

ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་བྱང་ཨ་རིའི་ལས་དོན་ཁང་གི་འགོ་ཁྲིད་ཡུའི་ཐེན་ཆུས་ང་ཚོས་རྒྱལ་ཁབ་གཞན་ལ་འབྲེལ་བ་དང་སུ་ལ་ཐུག་འཕྲད་བྱས་ཀྱང་རྒྱ་ནག་ལ་དེར་བཀག་འགོག་བྱེད་ཆོག་པའི་ཐོབ་ཐང་མེད། སྲིད་འཛིན་ཚེ་དབྱིན་ཝེན་ནི་ཀྲུང་ཧྭ་མིན་གོ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཡིན། སྲིད་འཛིན་ཚེ་དབྱིན་ཝེན་གྱི་ཀུན་སློང་ངན་པ་རེད་ཅེས་རྒྱ་ནག་གིས་མཚན་སྨད་ཞུ་བཞིན་པར་ང་ཚོས་བཟོད་སྒོམ་བྱ་ཐབས་མེད་ཅེས་དགག་པ་བརྒྱབ། གཟའ་མིག་དམར་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཁེ་ཝན་མར་ཁར་ཐི་ལོ་འདིར་ཐེ་ཝན་ལ་འཚམས་འདྲིར་ཕེབས་རྒྱུའི་ཚབ་ཏུ་ཨ་རིའི་ས་ཐོག་ཏུ་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཐུག་འཕྲད་བྱ་རྒྱུ་རེད། ད་རེས་ཀྱི་ཐུག་འཕྲད་འདི་ཁེ་ཝན་མར་ཁར་ཐི་ཕྱིས་སུ་ཐེ་ཝན་ལ་འཚམས་འདྲིར་ཕེབས་རྒྱུ་མིན་པའི་གོ་དོན་མ་རེད་ཅེས་གནས་ཚུལ་སྤེལ།

ཉམས་ཞིབ་པ་ཚོས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པ་ཁེ་ཝན་མར་ཁར་ཐི་གཉིས་ཐུག་འཕྲད་བྱུང་ཚེ། རྒྱ་ནག་གིས་སླར་ཡང་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་དང་ཐེ་ཝན་ལ་འཇིགས་སྐུལ་བྱས་ནས་ལན་པ་དྲག་པོ་སློག་ཤས་ཆེ། ན་ནིང་ཕྱི་ཟླ་༨་པའི་ནང་དུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་དང་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་པའི་རྗེས་སུ་རྒྱ་ནག་གིས་ཐེ་ཝན་མཐའ་བསྐོར་ནས་དམག་འཁྲུག་རྒྱག་གྲབས་བྱས་པ་རེད། ད་ལོ་སྲིད་འཛིན་ཚེ་དབྱིན་ཝེན་ཨ་རིའི་ཤར་ཕྱོགས་སུ་འབབ་སྡོད་བྱས་ན་རྒྱ་ནག་ལ་བསྐྱར་དུ་ཕོག་ཐུག་སོང་སྟེ་དམག་འཁྲུག་གི་ཉེན་ཁ་འབྱུང་སྲིད་ཅེས་བསྟན། ཨ་རིའི་དབུས་ཕྱི་སོ་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སིས་སྔ་ལོ་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས། ནུབ་ཕྱོགས་རྒྱལ་ཁབ་ཁག་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་རྒྱ་ནག་གིས་ཐེ་ཝན་ལ་དམག་རྒྱག་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་འཛིན་དགོས་པ་ཞིག་ཏུ་གྱུར་འདུག་ཅེས་ལྟ་ཚུལ་ཐ་དད་ཅིག་བརྗོད།

ཐེ་ཝན་གྱི་ཕྱི་འབྲེལ་མི་སྣ་ཡུའི་ཐེན་ཆུས་རྒྱ་ནག་གི་གསལ་བསྒྲགས་དེ་དོན་དངོས་ལ་མི་མཐུན་པ་དང་ངོ་གནོང་དགོས་པ་ཞིག་རེད། ཐེ་ཝན་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་གྱུར་མྱོང་མེད་པ་དང་རྒྱ་ནག་གིས་ཐེ་ཝན་ལ་དབང་བསྒྱུར་ཡང་བྱས་མྱོང་མེད། ཐེ་ཝན་གྱི་འབྲེལ་ཡོད་ལྷན་ཁང་གིས་སྔོན་གྱི་ལམ་སྲོལ་ལྟར་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀའི་ས་ཐོག་ཏུ་འབབ་སྡོད་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད། སྲིད་འཛིན་གྱི་མཛད་འཆར་ཁག་ཐེ་ཝན་ཕྱི་སྲིད་ལྷན་ཁང་གིས་མཐའ་མའི་གཏན་འབེབས་བྱུང་བའི་རྗེས་སུ་མི་དམངས་ལ་དུས་ཐོག་ཏུ་ཕྱིར་བསྒྲགས་བྱ་འཆར་ཡོད་ཅེས་བསྒྲགས། གཟའ་ཕུར་བུའི་ཉིན་ཕྱི་སྡོད་ཐེ་ཝན་པའི་ཚོགས་སྡེ་ལྷན་ཁང་གི་འགོ་ཁྲིད་ཤུའི་ཅ་ཆིང་གིས་མཚོ་གླིང་དེའི་གྲོས་ཚོགས་ལ་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀར་ཕེབས་ཀྱི་ཡོད། ཨ་རིའི་ས་ཐོག་ཏུ་གསོལ་སྟོན་བཤམ་དགོས་ཞེས་ང་ཚོར་བཀོད་ཁྱབ་བཏང་བྱུང་། ང་ཚོས་གསོལ་སྟོན་ཐེངས་བཞི་བཤམ་དགོས་པ་དང་གསོལ་སྟོན་གཅིག་ནེའུ་ཡོག་གྲོང་ཁྱེར་དུ་བཤམ་རྒྱུའི་ཐག་ཆོད་ཡོད། གསོལ་སྟོན་གཞན་པ་རྣམས་ཧ་ལམ་ཨ་རིའི་ནུབ་ཕྱོགས་ཀྱི་ལོ་སི་ཨན་ཇཱི་ལི་གྲོང་ཁྱེར་དུ་བཤམ་དགོས་ཀྱི་རེད་ཅེས་སྙན་སེང་ཞུས།

ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ཆུག་གོ་ཀྲེང།
ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ཆུག་གོ་ཀྲེང།

ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ཆུག་གོ་ཀྲེང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་འཚམས་འདྲིར་ཕེབས་ན་རྒྱ་ནག་གིས་དམག་གྲུ་བཏང་ནས་སྔར་ལས་འཇིགས་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པར་སོམ་ཉི་བྲལ། གང་ལྟར་ཁེ་ཝན་མར་ཁར་ཐིའམ། ཡང་ན་ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་སུ་འདྲ་ཞིག་ཐེ་ཝན་ལ་ཕེབས་ཀྱང་རྒྱ་ནག་དམར་ཤོག་གཞུང་ལ་དམག་འཁྲུག་གི་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་གཏོང་ཆོག་པའི་ལན་ཁག་དཀྲི་ས་ཤིག་རྙེད་པ་རེད། ད་ཐེངས་ཀྱི་འཇིགས་སྐུལ་རྣམས་ནན་སི་ཕེ་ལི་སི་ཕེབས་པའི་རྗེས་སུ་འཇིགས་སྐུལ་བྱུང་བ་ལས་ཀྱང་ཚབས་ཆེ་རུ་འགྱུར་སྲིད་ཅེས་ཅེས་བཤད། གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀའི་ས་ཐོག་ཏུ་འབབ་སྡོད་བྱེད་ཀྱི་ཡོད། ཐེ་ཝན་གྱི་འགོ་ཁྲིད་ཚོ་ཨ་མི་རི་ཀ་བརྒྱུད་ནས་རྒྱལ་ཁབ་གཞན་ལ་ཕེབས་ཀྱི་ཡོད་པ་ནི་ཡུན་རིང་གི་ལག་བསྟར་སྲིད་ཇུས་དེར་མཐུན་པར་མ་ཟད། ཨ་མི་རི་ཀ་དང་ཐེ་ཝན་གཉིས་ལ་གཞུང་འབྲེལ་མིན་པའི་འབྲེལ་བ་དམ་ཟབ་ཡོད། འདི་ནི་གནས་ཚུལ་གསར་པ་དང་སྔར་མེད་གསར་སྤྲོས་བྱས་པ་གང་ཡང་མིན། ༢༠༡༦་ནས་བཟུང་སྟེ་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀ་བརྒྱུད་ནས་ཐེངས་༦་ཕེབས་མྱོང་ཡོད་པ་རེད་ཅེས་བཀྲལ།

ཕྱི་ཟླ་༣་པའི་ཚེས་༨་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཟླ་བ་སྔོན་མར་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་གིས་ལོ་འདིའི་ཕྱི་ཟླ་༥་པ་དང་༦་པ་གང་རུང་ལ་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀའི་ཁོར་ནལ་སློབ་གྲྭ་ཆེན་མོར་གཏམ་བཤད་བྱེད་དུ་ཕེབས་འཆར་ཡོད་པའི་གནས་ཚུལ་ཐོན། ༡༩༩༥་ལོར་ཐེ་ཝན་གྱི་སྲིད་འཛིན་ལི་ཏིང་ཧུའི་ཨ་མི་རི་ཀར་ཕེབས་ཏེ་ཁོར་ནལ་སློབ་གྲྭ་ཆེན་མོར་གཏམ་བཤད་བྱས། ལི་ཏིང་ཧུའི་དང་ཚེ་དབྱིན་ཝེན་གཉིས་ཀ་ཨ་མི་རི་ཀའི་ཁོར་ནལ་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཟུར་པ་ཡིན་ཞིང་། ༡༩༩༥་དང་དང་༩༦་གཉིས་ལ་རྒྱ་ནག་གིས་ཐེ་ཝན་གྱི་མཚོ་ཁོངས་སུ་འབེན་ཕོག་འཕུར་མདེལ་༦་འཕངས་ནས་སྡིགས་ར་བསྐུལ་བའི་གནས་ཚུལ་ཐོན། རྒྱ་ནག་གི་དམག་དོན་གསར་འགྱུར་ཉམས་ཞིབ་པ་ཐེན་ལིའུ་ཞེས་པ་ཞིག་གིས་ཚེ་དབྱེན་ཝེན་ཨུ་ཚུགས་ཀྱིས་ཨ་མི་རི་ཀར་བསྐྱོད་ན་རྒྱ་ནག་གིས་ལན་པ་ནན་པོ་ཞིག་སློག་དགོས་ངེས་སུ་གྱུར། རྒྱ་ནག་གི་J-20་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་ཐེ་ཝན་གྱི་མཁའ་དབྱིངས་སུ་སིམ་འཛུལ་བྱས་ཀྱང་མཚོ་གླིང་དེའི་དམག་གིས་གནམ་གྲུ་ངོ་ཐག་གཅོད་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་རེད་ཅེས་བསམ་ཚུལ་བྲིས།

ཕྱི་ཟླ་༣་པའི་ཚེས་༨་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འཐུས་མི་མཱི་ཤཱལ་སི་ཊིལ་གྱིས་རྩོམ་ཡིག་ཅིག་བྲིས་པ་ཧིལ་གསར་ཁང་གིས་ལུང་འདྲེན་བྱས་པ་ལྟར་ན། ཨ་རིའི་གྲོས་ཚོགས་འཐུས་མི་དེས་བདུན་ཕྲག་སྔོན་མར་རྒྱ་ནག་གི་དམག་འཐབ་གནམ་གྲུ་༢༥་དང་དམག་གྲུ་༣་ཐེ་ཝན་ཕྱོགས་སུ་བཏང་ནས་དཔུང་སྟོབས་ངོམ། རྒྱ་ནག་གི་གནམ་གྲུ་༡༩་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་འཛུལ་སོང་ཞེས་མཚོ་གླིང་དེའི་རྒྱལ་སྲུང་ལྷན་ཁང་གིས་ཉེས་འཛུགས་བྱས་འདུག ང་༢༠༢༢་ལོའི་ཕྱི་ཟླ་༡༢་པའི་ནང་དུ་ཐེ་ཝན་ལ་འཚམས་འདྲིར་བསྐྱོད་པ་ཡིན། ངས་ཐེ་ཝན་གྱི་གནས་སྟངས་ཧ་ཅང་གི་ཛ་དྲག་ཏུ་གྱུར་ཡོད་པ་མཐོང་བྱུང་། ཞིས་ཅིན་ཕིང་གིས་༢༠༢༧་ལོར་ཐེ་ཝན་ལ་བཙན་འཛུལ་བྱ་དགོས་པའི་གྲ་སྒྲིག་བྱོས་ཞེས་བཀའ་བཏང་ཡོད་པའི་གནས་ཚུལ་ཐོས་རྒྱུ་འདུག དེས་ན་ཨ་མི་རི་ཀས་ངེས་པར་དུ་རྒྱ་ནག་ལ་གོ་ནོར་ཐེབས་ས་མེད་པའི་བརྡ་ཞིག་གཏོང་དགོས་ཀྱི་འདུག་ཅེས་ནན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ཧུ་པེ་ཞིང་ཆེན་དུ་གནས་འཁོད་གསར་འགྱུར་ཉམས་ཞིབ་པ་ཞིག་གིས་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པས་རང་བཙན་གྱི་ལངས་ཕྱོགས་འཛིན་རྒྱུ་ཤུགས་ཆེ་དྲགས་དང་ཨ་མི་རི་ཀར་འབྲེལ་བ་ཉེ་པོ་འཛིན་གྱི་ཡོད་པར་མཚོ་གླིང་དེའི་མི་དམངས་རྣམས་ཡི་ཐང་ཆད་འདུག སྔ་ལོའི་ཕྱི་ཟླ་༡༡་པའི་ཐེ་ཝན་གྱི་ས་གནས་འོས་བསྡུའི་སྐབས་སུ་དམངས་གཙོ་ཡར་ཐོན་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་བ་ནི་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་པའི་རྟགས་མཚན་རེད་ཅེས་དཔྱད་རྩོམ་སྤེལ། ཟླ་བ་སྔོན་མར་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་དང་གོ་མིན་ཏང་གི་གནད་ཡོད་མི་སྣ་ཅང་ཆི་ཁྲེན་གྱིས་རྒྱལ་སྤྱིའི་གྲོགས་པོ་ཚོར་དགའ་བསུ་ཞུ་རྒྱུ་ཡིན། འོན་ཀྱང་མཚོ་འགག་ཕྱོགས་གཉིས་ཀྱི་ཛ་དྲག་ཆེ་རུ་གཏོང་འདོད་མེད། ཐེ་ཝན་ལ་ཞི་བདེ་བརྟན་ལྷིང་མེད་པར་འགྱུར་ན་ལས་ཐོག་སྲིད་གཞུང་འདི་འཕོ་འགྱུར་གཏོང་དགོས་ཞེས་གཏམ་བཤད་བྱས་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༣་པའི་ཚེས་༨་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་གསང་བའི་ལས་དོན་ཚོགས་ཆུང་གིས་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཁག་གི་འགོ་ཁྲིད་ཚོ་གྲོས་ཚོགས་སུ་འབོད་འགུགས་བྱས་ནས་ཉན་ཞིབ་ཚོགས་འདུ་ཚོགས། ཨ་རིའི་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན་ཨབ་རིལ་ཧེ་ཛེས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་མུ་མཐུད་དུ་གནོན་ཤུགས་སྤྲོད་རྒྱུ་དང་ཨ་མི་རི་ཀས་ཐེ་ཝན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་འགོག་ཐབས་བྱ་རྒྱུ་མཚམས་འཇོག་རྒྱུ་མིན་པར་སྣང་། རྒྱ་ནག་གིས་ཡོངས་གྲགས་སུ་ཨ་མི་རི་ཀར་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་ཀྱང་ལྐོག་ཏུ་པེ་ཅིང་གི་དབང་འཛིན་པ་ཚོས་ཨ་མི་རི་ཀར་འགལ་ཟླ་བསླངས་ནས་འཁྲུག་རྩོད་ཆེ་རུ་བཏང་ན་དགེ་མཚན་མེད་པའི་བསམ་བློ་གཏོང་གི་འདུག་ཅེས་སྙན་སེང་ཞུས། ཨ་རིའི་དབུས་གསང་བའི་ལས་ཁུངས་(ཕྱི་སོ)དང་དབུས་ཞིབ་གཅོད་(ནང་སོ)ལས་ཁུངས་། རྒྱལ་སྲུང་གསང་བའི་ལས་ཁུང་དང་རྒྱལ་ཡོངས་བདེ་སྲུང་ལས་ཁུངས་ཁག་གི་འགན་འཛིན་ཚོས་ཨ་མི་རི་ཀས་རྒྱ་ནག་དང་ཨུ་རུ་སུ། ཨི་རན་དང་བྱང་ཀོ་རི་ཡ་བཞི་ལ་གདོང་ལེན་བྱེད་དགོས་ཀྱང་རྒྱ་ནག་ནི་ཉེན་ཁ་ཆེ་ཤོས་དེ་རེད་ཅེས་བློ་ཁ་གཅིག་ཏུ་མཐུན། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གིས་འཛམ་གླིང་དབང་དུ་བསྡུ་རྒྱུའི་ཧམ་སེམས་འཆང་ཡོད་པ་དང་ཊིག་ཊོག་དྲྭ་རྒྱའི་ཉེན་ཁ། ༢༠༡༩་ལོར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་སུ་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་བཅས་ལ་འདྲི་ཞིབ་བྱས་པའི་གནས་ཚུལ་ཐོན་འདུག

འབྲེལ་ཡོད།

XS
SM
MD
LG