ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གཞུང་ཚབ་པས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།


༄༅།། ༧གོང་ས་མཆོག གང་ཉིད་ངོ་ཤེས་སུ་གྱུར་པ་དང་སྐུ་ཉིད་དགུང་ལོ་༨༥ལ་ཕེབས་པའི་འཁྲུངས་སྐར་དགའ་སྟོན་གྱི་སྐུ་མགྲོན་གཙོ་བོར་གྱུར་པ་ནི་དམིགས་བསལ་གྱི་གཟི་བསོད་ཅིག་རེད། ཨ་རིའི་མི་དམངས་ཀྱིས་༧གོང་ས་མཆོག་ལ་གུས་བརྩི་ཟབ་མོ་ཞུ་བཞིན་པ་འདིས་ཨ་མི་རི་ཀ་བ་དང་བོད་པ་ཚོར་འབྲེལ་བ་གཏིང་ཟབ་དང་རྟག་བརྟན་ཞིག་ཚུགས་ཡོད་པ་མཚོན་ནུས། སྐུ་ཉིད་ཁྱེའུ་ཞིག་ཡིན་དུས་སྲིད་འཛིན་རུ་སི་ཝེལ་ཊིས་གློ་འདོགས་ཕྱག་ཚོད་ཅིག་བསྐུར་གནང་སྟེ་འབྲེལ་བ་ཚུགས་པ་ནས་བཟུང་། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་གཞུང་རིམ་པ་ཞིག་གིས་སྐུ་ཉིད་ཀྱིས་དཀའ་བ་ཁྱད་དུ་བསད་ནས་བོད་མི་དམངས་ཀྱི་དོན་དུ་རང་དབང་འཐབ་རྩོད་དང་བོད་ཀྱི་རིག་གཞུང་གཅེས་འཛིན། འཛམ་གླིང་ཡུལ་གྲུ་གང་སའི་དགྲར་འཛིན་སྡང་ཟུག་གི་འདུ་ཤེས་རྣམས་ཞི་ཐབས་ཡོང་ཆེད་ངལ་བ་འཛེམ་མེད་ཀྱི་མཛད་འཕྲིན་སྐྱོང་གནང་གི་ཡོད་པར་རྗེས་སུ་ཡི་རང་ཞུ་བཞིན་ཡོད།།

སྤྱི་ལོ་༢༠༠༧ལོར་གང་ཉིད་ཀྱི་མཆེད་གྲོགས་སྲིད་འཛིན་འཇོར་ཇཱི་ཌབ་ལུ་བྷུ་ཤཱིས་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་པ་དེས་ཨ་མི་རི་ཀས་༧གོང་ས་མཆོག་ལ་བླ་ན་མེད་པའི་གུས་བརྩི་ཞུ་བཞིན་པ་མཚོན་ཡོད། ཨ་རིའི་གྲོས་ཚོགས་སུ་གཟེངས་རྟགས་འབུལ་བཞེས་ཀྱི་མཛོད་སྒོའི་ཐོག་ཏུ་སྲིད་འཛིན་བྷུ་ཤཱིས་གང་ཉིད་ནི་འཇིག་རྟེན་ཀུན་ཁྱབ་ཀྱི་ཞི་བདེ་དང་བཟོད་སྒོམ་གྱི་ཚབ་མཚོན་ཞིག དད་ལྡན་པ་རྣམས་ཀྱི་རྫི་བོ་དང་རང་གི་མི་དམངས་ལ་འོད་སྣང་འབྱེན་པ་པོ་ཞིག་རེད་ཅེས་གསུངས་ཡོད། དེའི་ཕྱིར་ན་ང་ཚོ་ཚང་མས་ཐག་རིང་དུ་བཞུགས་པའི་རླབས་ཆེན་གྱི་ཆོས་ལུགས་དབུ་ཁྲིད་འདིའི་དྲུང་འདུས། ངའི་སེམས་པར་ཨ་མི་རི་ཀ་བ་དང་བོད་པ་ཚོར་ཕན་ཚུན་བརྩེ་སེམས་དྲོན་པོ་ཞིག་ཡོད་པ་ནི་སྐུ་ཉིད་ཀྱི་འཐབ་རྩོད་འདི་དྲང་བདེན་དང་རླབས་ཆེན་གྱི་འཐབ་རྩོད་ཅིག་ཡིན་པ་ངོས་ཟིན་པ་ལས་བྱུང་ཞིང་། སྐུ་ཉིད་ཀྱི་འཐབ་རྩོད་ནི་ཨ་རིའི་རྒྱལ་ཁབ་གསར་འཛུགས་གནང་མཁན་ཡབ་མེས་རྣམས་ཀྱིས་འཚོ་གནས་དང་རང་དབང་། བདེ་སྐྱིད་དོན་གཉེར་ཆོག་པ་རྣམས་ནི་རང་ངོས་ནས་བདེན་པར་གྲུབ་པ་དང་འདོར་ཐབས་མེད་པའི་ཐོབ་ཐང་ཁག་ཡིན་ཞེས་རང་བཙན་གསལ་བསྒྲགས་སུ་བཀོད་པ་ལྟར་བོད་མི་དམངས་ལའང་དེ་ལྟར་གཅིག་མཚུངས་ཤིག་འཐོབ་པའི་རྩོད་ཅིག་རེད། སྐུ་ཉིད་སྤྱི་ལོ་༡༩༩༡ལོར་ཇཱེ་ཧྥོར་སན་གྱི་དྲན་རྟེན་ཁང་དུ་ཕེབས་དུས་རྩ་ཚིག་དེ་རྣམས་གྱང་ངོས་སུ་བརྐོས་ཡོད་པ་ལྗགས་ཀློག་གནང་ཡོད་ཤས་ཆེ། ང་ཚོས་༧གོང་ས་མཆོག་གིས་རང་གི་མི་དམངས་ལ་དམངས་གཙོའི་སྒྲོམ་གཞི་ཞིག་གསར་འཛུགས་མཛད་པའི་དུས་སུ་རྩ་ཚིག་དེ་དག་གིས་ཤུགས་རྐྱེན་གང་འཚམ་ཞིག་ཐེབས་ཡོད་སྲིད་སྙམ་པའི་དགའ་བ་སྒོམ་གྱི་ཡོད། སྤྱི་ལོ་༢༠༡༡ལོར་ཆབ་སྲིད་སྐུ་དབང་རྣམས་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་དབུས་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་པ་དང་། འཛམ་གླིང་ཡུལ་གྲུ་གང་སར་གནས་འཁོད་བོད་པ་སྟོང་ཕྲག་མང་པོར་རང་གི་ལས་དབང་རང་གིས་ཁ་ལོ་སྒྱུར་པའི་ཐོབ་ཐང་གནང་ཡོད། ང་ཚོ་དང་དབུས་བོད་མིའི་སྒྲིག་འཛུགས་ཕན་ཚུན་ཡུན་རིང་གི་འབྲེལ་བ་ཡོད་པར་སྤོབས་པ་ཡོད། དབུས་བོད་མིའི་སྒྲིག་འཛུགས་བརྒྱུད་ནས་ང་ཚོས་རྒྱ་གར་དུ་གནས་འཁོད་བོད་པ་བཙན་བྱོལ་པའི་འཕྲོད་བསྟེན་དང་བདེ་རྩ། བོད་པ་ཚོ་ཡར་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་རོགས་ཕན་ཐུབ་ཀྱི་འདུག ཨ་མི་རི་ཀ་བ་ཚོར་སྐུ་ཉིད་ཀྱི་མཛད་འཕྲིན་རྣམས་ཕྱོགས་མང་པོ་ཞིག་ནས་འབུམ་རབས་པ་མར་ཊིན་ལུ་ཐར་ཀིང་གི་མཛད་འཕྲིན་དེ་དག་འཕྲོ་རྒྱུན་སྐྱོང་གི་ཡོད་པ་ཞིག་ཏུ་མངོན། སྐུ་ཉིད་ཀྱིས་གཡོ་བ་མེད་པར་མཛད་འཕྲིན་སྐྱོང་དགོས་པའི་ཐུགས་དགོངས་བཞེས་ཕྱོགས་ཀྱིས་ང་ཚོར་འབུམ་རམས་པ་ཀིང་གིས་བྷར་མིན་ཧམ་གྱི་བཙོན་ནས་བྲིས་པའི་འཕྲིན་ཡིག་གི་འབྲུ་དོན་ཁག་དྲན་སློང་བྱེད་ཅིང་། ཁོང་གིས་འགྲོ་བ་མིའི་ཡར་རྒྱས་ནི་ལྡོག་ཏུ་མེད་པའི་འཁོར་ལོའི་སྟེང་དུ་ནམ་ཡང་ལྷགས་མི་འགྱུར། དེ་ནི་འགོ་ཁྲིད་ཚོས་སྐུ་ངལ་ལ་མ་འཛེམ་པར་བརྩོན་པ་མཐའ་སྐྱེལ་གྱིས་བསྒྲུབ་དགོས་པ་ཞིག་ཡིན་ཞེས་གསུངས་ཡོད། ༧གོང་ས་མཆོག་གང་ཉིད་ནི་ཁྱད་ཆོས་དེ་དག་ཡོངས་རྫོགས་ཚང་པའི་དབུ་ཁྲིད་ཁག་གི་གྲས་ཤིག་རེད། ལྡི་ལི་གསར་པར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གིས་ང་ཚོ་ཕྱོགས་གཉིས་ཀྱི་མི་དམངས་ལ་ཡུན་བརྟན་གྱི་འབྲེལ་བ་ཞིག་འཛུགས་པར་ལེགས་སྐྱེས་ཅུང་ཟད་ཅིག་ཕུལ་ཐུབ་ཡོད་པར་སྤོབས་པ་ཡོད། དེའི་ཁོངས་སུ་སྤྱི་ལོ་༡༩༤༦ལོར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་པར་བོད་གཞུང་གི་སྐུ་ཚབ་རྣམས་ང་ཚོའི་རྒྱལ་ཁབ་ལ་འཚམས་འདྲི་ཞུ་བར་ཕེབས་པ་ཚོར་སྣེ་ལེན་ཞུས་ཡོད། ཇིན་སི་མཱི་ཐེ་དམ་པ་དེ་ཉིད་ཀྱིས་ཨ་རིའི་གཞུང་ཚབ་ཁང་ནང་དུ་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་གི་ལས་ཁུངས་སུ་ཕྱག་ལས་གནང་སྐབས་རྒྱ་ནག་གི་རིག་གནས་གསར་བརྗེའི་སྐབས་སུ་རྩ་བརླག་འགྲོ་སྲིད་པའི་བོད་པའི་དཔེ་རྙིང་རིན་ཐང་བྲལ་བ་ཇི་སྙེད་ཅིག་བསྡུ་རུབ་མྱུར་སྐྱོབ་ཐུབ་ཡོད། ང་ཚོས་བོད་མི་དམངས་ཀྱི་གནས་སྟངས་གཉེན་འཕྲང་གང་འདྲ་ཞིག་ལ་སླེབས་ཡོད་པ་ཤེས་པ་བྱུང་ཡོད། སྐུ་ཉིད་ཀྱིས་ད་དུང་ཡང་ལོ་མང་རིང་བོད་མི་དམངས་ལ་དབུ་ཁྲིད་དང་བོད་མི་དམངས་ཀྱི་དོན་དུ་རང་དབང་འཐབ་རྩོད། བོད་ཀྱི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་གསོན་གནས་ཐུབ་པར་མཛད་འཕྲིན་སྐྱོང་རྒྱུའི་ང་ཚོས་རེ་ལྟོས་འཆང་བཞིན་ཡོད། སྲིད་འཛིན་རུ་སི་ཝེལ་གྱི་འབྲེལ་བ་དེར་ཕྱིར་ལོག་བྱས་ནས་འཚམས་འདྲི་འདི་མཇུག་བསྡུ་ཆོག་པར་ཞུ། ཁོང་གིས་སྐུ་ཉིད་ལ་ཕྱག་རྟགས་ཕུལ་པ་དེ་དག་གིས་དེ་རིང་ང་ཚོ་ལྷན་དུ་འདུས་པ་ཡིན་སྲིད། དུས་བསྐལ་མ་འདྲ་བ་ཞིག་གིས་སྐབས་སུ་འཛམ་གླིང་ཧྲིལ་པོ་འཁྲུག་རྩོད་ཀྱི་རྙོག་འཛིང་ལ་ཐུག་པའི་དུས་དེར་སྲིད་འཛིན་རུ་སུ་ཝེལ་ཊིས་ཨ་རིའི་མི་དམངས་ལ་མཐའ་མཇུག་གི་གསུང་འཕྲིན་ཞིག་གནང་བ་དེར་སྤྱི་ཚོགས་དཔལ་ཡོན་འཚོ་གནས་དགོས་ན་ང་ཚོས་ངེས་པར་དུ་འགྲོ་བ་མིའི་འབྲེལ་བའི་རིག་གནས་དར་སྤེལ་གཏོང་དགོས། འཛམ་གླིང་གཅིག་པུ་འདིར་མི་དམངས་ཐམས་ཅད་དང་མི་རིགས་མཐའ་དག་འབད་པ་མཉམ་བརྩོན་དང་ཞི་བདེ་མཉམ་གནས་བྱ་དགོས་ཞེས་གསུངས་ཡོད། གསུང་འཕྲིན་དེའི་མིག་དཔེར་འོས་པ་༧གོང་ས་མཆོག་གང་ཉིད་ལས་ལྷག་པའི་སྐྱེ་བོ་གཞན་སུ་ཡང་མི་རྙེད། སྲིད་འཛིན་རུ་སི་ཝེལ་ཊིའི་དུས་སྐབས་དང་འདྲ་བར་ང་ཚོ་ཡང་གདོང་ལེན་གྱི་དུས་སྐབས་ཤིག་འཚོ་བཞིན་ཡོད། ང་ཚོར་མཚོན་ན་ད་ལྟ་ཁྱབ་པའི་ནད་ཡམས་འདི་རེད། ཡིན་ནའང་དེ་རིང་སྐུ་ཉིད་དགུང་ལོ་༨༥ལ་ཕེབས་པའི་འཁྲུངས་སྐར་གྱི་དགའ་སྟོན་དང་སྐུ་ཚེ་ཧྲིལ་པོར་མཛད་འཕྲིན་བསྐྱངས་གནང་པ་བཅས་ཀྱིས་ང་ཚོར་འཛམ་གླིང་འདིའི་འབྱུང་འགྱུར་ལ་རེ་བ་ཆེན་པོ་དང་འཛམ་གླིང་འདི་སྔར་ལས་ཞི་བདེ་ལྡན་པ་ཞིག་ཏུ་འགྱུར་ཐུབ་རྒྱུའི་རེ་ལྟོས་ཐོབ་སོང་། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཡང་ཡང་སྤྲོ་པོ་ཡོང་བར་སྨོན།།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG