ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༣/༢༤

ཧོང་ཀོང་གི་གནད་དོན་ལ་རྒྱལ་ཁབ་བཞིའི་མཉམ་འབྲེལ་གསལ་བསྒྲགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འཛིན་སྐྱོང་སྲིད་ཇུས་དང་རྒྱབ་འགལ་གྱིས་ཧོང་ཀོང་ལ་ཁྲིམས་མགོ་རང་བཙན་གྱི་དམིགས་བསལ་ཐོབ་ཐང་ཡོད་པར་བརྩི་འཇོག་མ་བྱས་པར་རྒྱ་ནག་སྐམ་ས་ཆེན་མོའི་ལུགས་ལྟར་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་ནས་ཧོང་ཀོང་ལ་ལག་བསྟར་བྱ་འཆར་ཡོད་ཅིང་། དེར་བརྟེན་ཨ་རི་དང་ཁེ་ན་ཌ། དབྱིན་ཡུལ་དང་ཨོ་གླིང་བཅས་རྒྱལ་ཁབ་བཞི་མཉམ་འབྲེལ་གྱིས་ཁ་སང་སྤྱི་ཟླ་༥་པའི་ཚེས་༢༨་ཐུན་མོང་གི་གསལ་བསྒྲགས་ཞིག་སྤེལ་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་འདུག

མཉམ་འབྲེལ་གསལ་བསྒྲགས་དེར་ཧོང་ཀོང་ནི་རང་དབང་ལྡན་ཞིང་ཡར་རྒྱས་ཅན་གྱི་གྲོང་ཁྱེར་ཞིག་ཡིན་པས་ཧོང་ཀོང་གི་བརྟན་ལྷིང་དང་ཡར་རྒྱས་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཧ་ཅང་གལ་འགངས་ཆེན་པོ་ཡིན། རྒྱ་ནག་གཞུང་གིས་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་༢༣་པར་བརྩི་འཇོག་མ་བྱས་པར་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་གཏན་ལ་ཕབ། རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་དང་ས་གནས་གཞུང་གཉིས་མ་བརྒྱུད་པར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཐད་ཀར་ཁྲིམས་ཤིག་གཏན་ལ་འབེབས་སུ་བཅུག་ནས་མ་འོངས་པར་ཧོང་ཀོང་མི་དམངས་ཀྱི་རང་དབང་ལ་གནོད་པ་ཆེན་པོ་སྐྱེལ་སྲིད་པར་མ་ཟད། ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་དང་མངའ་ཁུལ་དེའི་འཕེལ་རྒྱས་བཅས་ལ་གནོན་པ་སྐྱེལ་ངེས་རེད་ཅེས་བཀོད།།

རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་གསར་པ་ཞིག་ལག་བསྟར་བྱ་འཆར་ཡོད་པ་ནི་ཧོང་ཀོང་གི་བདག་དབང་རྩིས་ལེན་བྱས་པའི་སྐབས་སུ་དབྱིན་ཇི་དང་རྒྱ་ནག་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་ཞིག་སྤེལ་བའི་རྩ་དོན་ལ་འགལ་འདུག བཅའ་ཁྲིམས་འདིས་མ་འོངས་པར་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལྟར་ཧོང་ཀོང་མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རྣམས་རྩིས་མེད་བཏང་སྟེ་སྤྱི་དམངས་ཀྱི་ཐོབ་ཐང་དང་ཆབ་སྲིད་ཀྱི་ཐོབ་ཐང་ལ་སྲུང་བརྩི་བྱེད་ཕྱོགས་ཀྱི་རྒྱལ་སྤྱིའི་ཆིངས་ཡིག་དང་དཔལ་འབྱོར། སྤྱི་ཚོགས་དང་རིག་གནས་བཅས་ཆིངས་ཡིག་ཁག་ལ་འཁོད་པའི་ཧོང་ཀོང་བའི་ཐོབ་ཐང་རྣམས་བརླག་འགྲོ་བའི་ཉེན་ཁ་ཡོད་ཅིང་། མ་འོངས་པར་ལག་བསྟར་བྱ་འཆར་ཡོད་པའི་རྒྱ་ནག་གི་བཅའ་ཁྲིམས་གཞི་གསར་བ་འདིས་ཧོང་ཀོང་གི་ད་ལྟའི་རྙོག་འཛིང་ཅན་གྱི་གནས་སྟངས་འདི་མུ་མཐུད་དུ་ཇེ་སྡུག་ལ་གཏོང་སྲིད་པའི་ཉེན་ཀ་ཡོད་པ་རེད། ཧོང་ཀོང་གི་འགལ་ཟླའི་ཤོག་ཁག་དེ་ཚོས་ཕན་ཚུན་བསམ་ཤེས་དང་འཆམ་མཐུན་ཡོང་རྒྱུར་ཕན་པ་ལས་གནོད་པ་ཆེ་བས་ན། རྒྱ་ནག་གཞུང་གིས་ཧོང་ཀོང་མི་དམངས་ལ་ཐོབ་འོས་པའི་རང་དབང་དང་ཐོབ་ཐང་ལོངས་སུ་སྤྱོད་དུ་བཅུག་ནས་སྤྱི་ཚོགས་ཀྱི་ཡིད་ཆེས་མ་བརླག་པ་ཞིག་རྒྱུ་ནི་སྐབས་འདིའི་ཛ་དྲག་གི་འོག་ཏུ་ཧོང་ཀོང་གི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཉག་ཅིག་རེད་ཅེས་མཉམ་འབྲེལ་གསལ་བསྒྲགས་དེའི་ནང་འཁོད་འདུག

ད་ལྟ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་འབྱུང་བཞིན་པའི་སྐབས་འདིར་རྒྱལ་སྤྱིའི་གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག་གིས་མཉམ་འབྲེལ་གྱིས་ཕན་ཚུན་ཡིད་ཆེས་བྱ་རྒྱུའི་རེ་སྐུལ་ཞུས། ད་དུང་རྒྱ་ནག་པེ་ཅིང་གཞུང་གིས་ལྡོག་ཕྱོགས་ཀྱི་འགལ་བ་སློང་སྲིད་པས་ཧོང་ཀོང་ལ་ཉེན་ཁ་ཅན་གྱི་བཅའ་ཁྲིམས་གསར་པ་འདི་ལག་བསྟར་བྱེད་ཕྱོགས་སུ་རྒྱ་ནག་གཞུང་དང་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འཛིན་སྐྱོང་གཞུང་། ཧོང་ཀོང་མི་དམངས་བཅས་ཐུན་མོང་གིས་འབད་བརྩོན་བྱ་དགོས། ཁོ་ཚོ་ཐུན་མོང་དང་གཅིག་གྱུར་གྱི་ངོས་ལེན་ཐུབ་པའི་ཐག་གཅོད་ཅིག་བྱ་རྒྱུ། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་སུ་ཐོ་འགོད་བྱས་ཡོད་པའི་རྒྱ་ནག་དང་དབྱིན་ཇིའི་མཉམ་འབྲེལ་གསལ་བསྒྲགས་ཀྱི་འབྲུ་དོན་ལྟར་རྒྱལ་སྤྱིའི་སྒྲིག་སྲོལ་ཁག་ལ་འགན་འཁུར་རྒྱུའི་རེ་སྐུལ་ཞུ་ཞེས་པ་སོགས་བཀོད་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་བཅའ་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་བྱས་པར་ཕྱོགས་ཡོངས་ནས་ངོ་རྒོལ་དང་སྐྱོན་བརྗོད་འཕོག་གི་ཡོད་པ་རེད།།

XS
SM
MD
LG