ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་སོགས་ཀྱིས་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་ངོ་རྒོལ།


ཞི་ཅིན་ཕིང་གིས་༢༠༢༠།༥།༢༨ ཉིན་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ལ་མོས་མཐུན་ཡོད་པའི་འོས་བླུགས་པ།

དེ་རིང་ཕྱི་ཟླ་༥་པའི་ཚེས་༢༨་ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་ཧོང་ཀོང་ལ་ལག་ལེན་བསྟར་རྒྱུའི་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་བྱས་འདུག ཁ་སང་གཟའ་ལྷག་པ་ནས་ཨ་རིའི་གཞུང་གིས་ཧོང་ཀོང་ནི་སྔར་བཞིན་རྒྱ་ནག་གི་མངའ་འོ་ཏུ་རང་སྐྱོང་གི་ཐོབ་ཐང་ཡོད་པའི་ས་ཁུལ་ཞིག་ལ་ངོས་འཛིན་བྱེད་ཐུབ་ཀྱི་མི་འདུག་ཅེས་བསྒྲགས། ད་ལྟ་རྒྱ་ནག་གཞུང་གིས་དངོས་སུ་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ལག་ལེན་བསྟར་རྒྱུའི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་གཏན་འབེབས་བྱས་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་ལ་ངོ་རྒོལ་དང་སྐྱོན་བརྗོད། ཧོང་ཀོང་ལ་ཚོང་འབྲེལ་གཅོད་པ་སོགས་ཀྱི་ལན་པ་སྣ་ཚོགས་ཤིག་སློག་སྲིདྒྱ་ནག་གི་འགོ་ཁྲིད་ཚོས་ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ངོ་རྒོལ་བྱ་རྒྱུ་ཡིན་པ་སྔོན་དཔག་གིས་དེ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་གྱི་གྲ་སྒྲིག་ཆ་ཚང་ཞིག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལོའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་དང་ས་གནས་དེའི་སྲིད་གཞུང་གཉིས་མ་བརྒྱུད་པར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ལག་ལེན་བསྟར་རྒྱུའི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱེད་དུ་བཅུག་ཅིང་། རྒྱ་ནག་གཞུང་གི་སློབ་སྟོན་པ་ཚོས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ངོ་རྒོལ་བྱ་རྒྱུ་ཡིན་པ་ཉག་ཅིག་རེད། རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབྲེལ་བའང་སྡུག་ཏུ་འགྲོ་སྲིད། ཡིན་ནའང་ཁོ་ཚོས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ལག་ལེན་བསྟར་རྒྱུའི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་དུ་འཇུག་གི་ཡོད་པ་འགོག་མི་ཐུབ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་ལན་པ་ཇི་ལྟར་སློག་རྒྱུ་ཡིན་མིན་ནི་ཨ་མི་རི་ཀས་ལག་ལེན་ཅི་ཙམ་བསྟར་རྒྱུ་ཡིན་མིན་ལ་རག་ལས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་རྒྱལ་སྤྱིའི་འབྲེལ་ལམ་ཉམས་ཞིབ་ཁང་གི་མཁས་པ་རོན་ཙུང་ཙེས་ང་ཚོས་ཆེས་སྡུག་ས་ཞིག་ནས་གྲ་སྒྲིག་བྱས་ཡོད་ཅེས་བཤད། དེ་རིང་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་ཛ་དྲག་གི་ཚོགས་འདུ་འཚོགས་ནས་ཧོང་ཀོང་གི་གནད་དོན་ལ་གྲོས་སྡུར་བྱ་དགོས་པའི་གྲོས་གཞི་བཏོན། རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་ཧོང་ཀོང་གི་གནད་དོན་ལ་གྲོས་སྡུར་བྱེད་དགོས་དོན་མེད་ཅེས་ཚོགས་འདུ་བཀག་འདུག

༡༩༩༧་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་བདག་དབང་རྩིས་བླངས་པའི་རྗེས་སུ་ཨ་མི་རི་ཀས་ཧོང་ཀོང་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་དམིགས་བསལ་གནས་བབ་ཅིག་སྤྲོད་ཀྱི་ཡོད་མོད། འོན་ཀྱང་དེ་རིང་གཟའ་ཕུར་བུའི་ཕྱི་དྲོར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མའི་ཚོགས་ཆེན་ཐོག་ཏུ་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ལག་ལེན་བསྟར་རྒྱུའི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་གཏན་འབེབས་བྱས་ཡོད་པར་བརྟེན། ཨ་རིའི་གཞུང་གིས་ཧོང་ཀོང་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་དམིགས་བསལ་གནས་བབ་ཅིག་སྤྲོད་ཀྱི་ཡོད་པ་ཕྱིར་བསྡུ་བྱ་སྲིད། ༢༠༡༩་ལོར་ཨ་རིའི་གྲོས་ཚོགས་ཀྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོར་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་ནས་བཟུང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ལོ་ལྟར་ཧོང་ཀོང་ལ་ཚད་ལྡན་གྱི་རང་སྐྱོང་གི་ཐོབ་ཐང་ཞིག་ཡོད་མེད་དང་ཨ་མི་རི་ཀས་སྔར་བཞིན་ཧོང་ཀོང་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་དམིགས་བསལ་གནས་བབ་སྤྲོད་དགོས་མིན་ཐད་ཞིབ་འཇུག་བྱས་ནས་གྲོས་ཚོགས་ལ་སྙན་སེང་ཞུ་དགོས་པ་རེད། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་དང་ཧོང་ཀོང་གི་གཞུང་འབྲེལ་མི་སྣ་ཁག་ལ་འགྲིམ་འགྲུལ་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུཧོང་ཀོང་ལ་དམིགས་བསལ་གྱི་ཚོང་འབྲེལ་གནས་བབ་ཅིག་སྤྲོད་ཀྱི་ཡོད་པ་ཕྱིར་འཐེན་བྱས་ནས་ཉེས་ཆད་གཅོད་རྒྱུ་སོགས་བྱ་ཐབས་འགའ་ཞིག་ལ་བསམ་གཞིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

དབྱིན་ཇི་དང་ཨོ་གླིང་རྒྱལ་ཁབ། ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་རྣམ་པས་ཐུན་མོང་གི་སྤྱི་བསྒྲགས་ཤིག་ལ་མིང་རྟགས་བཀོད་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་གཏོང་རྒྱུའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱས་པར་དངངས་འཚབ་ཆེན་པོ་ལངས་བྱུང་ཞེས་བསྒྲགས། ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་རང་སོར་འཇོག་དགོས་ཞེས་ནན་བརྗོད་བྱས་འདུག ཨུ་རུ་སུ་དང་ཨི་རན། ཁེམ་བྷོ་ཌི་ཡ་སོགས་རྒྱལ་ཁབ་ཉུང་ཤས་ཤིག་གིས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་ལ་ལག་ལེན་བསྟར་རྒྱུའི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱས་པར་རྒྱབ་སྐྱོར་ཡོད་ཅེས་ངག་ཐོག་ཏུ་ཁྱབ་བསྒྲགས་བྱས་འདུག རྒྱ་ནག་གི་མི་དམངས་སློབ་གྲྭ་ཆེན་མོའི་ཨ་མི་རི་ཀ་ཉམས་ཞིབ་སློབ་གླིང་གི་འགན་འཛིན་ཧྲི་དབྱིན་ཧོང་གིས་བཤད་པ་ལྟར་ན། ཨ་རིའི་གཞུང་གིས་ཧོང་ཀོང་ལ་དམིགས་བསལ་གྱི་དཔལ་འབྱོར་དང་ཚོང་ལས་ཀྱི་གནས་བབ་ཅིག་སྤྲོད་ཀྱི་ཡོད་པ་ཕྱིར་བསྡུ་བྱ་མི་སྲིད། ངས་བལྟས་ན་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་ལ་ལན་པ་ནན་པོ་ཞིག་སློག་རྒྱུ་ཡིན་ཞེས་ཧོལ་རྒྱུག་བྱ་རྒྱུ་སྔ་དྲགས་སོང་སྙམ། ཧོང་ཀོང་གི་དམིགས་བསལ་ཚོང་འབྲེལ་གནས་བབ་ཕྱིར་བསྡུ་བྱེད་ན་ཨ་མི་རི་ཀ་ལའང་གྱོང་གུད་འཕོག་གི་རེད། ཏོག་དབྱིབས་རིམས་ནད་ཀྱིས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་བཏང་ཟིན་ཡོད་པར་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་གཏན་འབེབས་བྱས་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་བས་ཀྱང་སྡུག་ཏུ་གཏོང་ངེས་རེད་ཅེས་བཤད།།

དེ་རིང་གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གི་རྒྱལ་གླུ་ལ་གུས་ཞབས་བྱ་དགོས་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱས་པར་ཧོང་ཀོང་བ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ། ཧོང་ཀོང་གི་ཉེན་རྟོག་པ་ཚོས་མི་ཚོགས་ཁྲོད་དུ་གཡེར་རླངས་ཀྱི་མདེའུ་འཕངས། ཉམས་ཞིབ་པ་ཁག་ཅིག་དང་ཧོང་ཀོང་གི་ཚོང་པ་ཚོས་ཨ་རིའི་གཞུང་གིས་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་ཕྱིར་འཐེན་བྱེད་ན་ཧོང་ཀོང་གི་ཚོང་ལས་ལ་སྔར་ལས་ལྷག་པའི་དཀའ་ངལ་འཕྲད་སྲིད་ཅེས་བློ་འཚབ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་ལེན་བསྟར་པའི་རྗེས་སུ་མངའ་ཁུལ་དེའི་གསར་འགོད་རང་དབང་དང་འདུ་འཛོམས་རང་དབང་། ཆབ་སྲིད་ཀྱི་གནད་དོན་ཁག་ལ་ངོ་རྒོལ་བྱེད་ཆོག་པའི་རང་དབང་སོགས་མེད་པར་འགྱུར་རྒྱུ། རྒྱ་ནག་གི་གསང་བའི་ལས་ཁང་དང་བདེ་འཇགས་ཚན་པ་ཁག་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ས་ཐོག་ཏུ་ལས་དོན་སྒྲུབ་ཆོག་པ། ཧོང་ཀོང་དུ་བཅའ་སྡོད་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་གྲོང་ཁྱེར་གྱི་ངོ་རྒོལ་ཁྲོམ་སྐོར་སོགས་ལ་འགོག་སྡོམ་བྱེད་ཆོག་པ། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་རང་དབང་འཐབ་རྩོད་པ། སྲིད་དོན་གྱི་ལྟ་བ་མི་མཐུན་པ་རྣམས་རྒྱ་ནག་གི་གསང་བའི་ལས་ཁང་དང་བདེ་འཇགས་ཚན་པ་ཁག་གིས་ལྐོག་ཏུ་འཛིན་བཟུང་དང་བཀག་ཉར་བྱེད་ཆོག་པ། ༡༩༩༧་ནས་རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་མེད་པར་འགྱུར་རྒྱུ། དབྱིན་ཇི་དང་རྒྱ་ནག་གཉིས་ཀྱིས་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་སྐབས་སུ་ཆིངས་ཡིག་ཅིག་བཞག་པའི་འབྲུ་དོན་ཁག་ལ་རྒྱ་ནག་གཞུང་གིས་བརྩི་མེད་གཏོང་གི་ཡོད་པ་རེད།།

XS
SM
MD
LG