ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཐེ་ཝན་ལ་བཙན་འཛུལ་འབྱུང་སྲིད་པར་ཨ་རི་དང་ཨོ་གླིང་གིས་གྲོས་སྡུར། 


༄༅།། རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་སོང་། ཕྱི་ཟླ་༣་པའི་ཚེས་༣༡་ཉིན་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་དུ་གནས་ཚུལ་བཀོད་པ་ལྟར་ན། ཐེ་ཝན་ལ་བཙན་འཛུལ་བྱུང་ན་ཨ་མི་རི་ཀ་དང་ཨོ་གླིང་རྒྱལ་ཁབ་གཉིས་ཀྱིས་རྒྱ་ནག་ལ་རྒོལ་ལན་ཇི་ལྟར་སློག་དགོས་མིན་དེར་འཐབ་ཇུས་འཆར་འགོད་ཀྱི་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག ཨོ་གླིང་རྒྱལ་ཁབ་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་མཱེ་ཁལ་གྷོལ་ཌི་མན་གྱིས་ང་ཚོས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད། ང་ཚོའི་དམག་གིས་མཉམ་འབྲེལ་འཐབ་རྒོལ་བྱེད་ཐུབ་པ་གཅིག་པུ་མིན་པར་ལས་དོན་མཉམ་སྒྲུབ། འཐབ་ཇུས་འཆར་འགོད་ཀྱང་མཉམ་འབྲེལ་བྱེད་ཐུབ་པ་ཞིག་ལ་སྒྱུར་གྱི་ཡོད་ཅེས་བཤད། ཕྱི་ཟླ་༤་པའི་ཚེས་༡་ཉིན་ཨོ་གླིང་རྒྱལ་ཡོངས་སློབ་ཆེན་གྱི་ཕོ་ཌི་ཁ་སི་རྒྱང་སྲིང་ལས་རིམ་སྐབས་སུ་ཨ་རིའི་གཞུང་ཚབ་པར་ཐེ་ཝན་ལ་བཙན་འཛུལ་བྱུང་ན་ཨ་རི་དང་ཨོ་གླིང་རྒྱལ་ཁབ་གཉིས་ཀྱིས་ཅི་ཞིག་བྱ་འཆར་ཡོད་ཅེས་དྲིས། ཨ་རིའི་གཞུང་ཚབ་པས་ང་ཚོའི་འཐབ་ཇུས་འཆར་འགོད་ནང་དུ་ངེས་མེད་ཀྱི་འབྱུང་རྐྱེན་སྣ་མང་ཞིག་ལ་གདོང་ལེན་བྱ་དགོས་ཐུག་སྲིད་པ་རྣམས་འདུས་ཡོད་ཅེས་ལན་བཏབ། འདས་པའི་དུས་རབས་གཅིག་གི་རིང་ལ་ཨོ་གླིང་རྒྱལ་ཁབ་ཨ་མི་རི་ཀའི་དམག་འཁྲུག་ཡོད་དོ་ཅོག་ལ་ཞུགས། འོན་ཀྱང་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱིས་དམག་འཁྲུག་རྒྱག་དགོས་ཐུག་ཚེ། ཨོ་གླིང་རྒྱལ་ཁབ་སྔར་བཞིན་ཨ་རིའི་རྒྱབ་རྩར་ལངས་ནས་རྒྱ་ནག་ལ་དམག་འཁྲུག་རྒྱག་རྒྱུ་ཡིན་མིན་གཞུང་འབྲེལ་གྱིས་ཡོངས་ཁྱབ་གསལ་བསྒྲགས་གང་ཡང་སྤེལ་མེད་པ་རེད།།

འདས་པའི་ལོ་ཤས་ཤིག་ནས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་རྒྱ་ནག་གིས་རང་ཕྱོགས་སུ་འགུགས་ཐབས། རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གི་རེའུ་མིག་ནང་དུ་ཐེ་ཝན་ཞེས་བཀོད་ཡོད་པ་རྣམས་རྒྱ་ནག་གི་ཐེ་ཝན་ཞེས་བཙན་སྒྱུར་བྱེད་དུ་འཇུག་གི་ཡོད་པ། ལྷག་པར་དུ་ཐེ་ཝན་མཚོ་འགག་ལ་གནམ་མཚོ་གཉིས་ནས་དཔུང་འཛུལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཕྱོགས་མང་པོ་ཞིག་ནས་སྐྱོན་བརྗོད་དང་ངོ་རྒོལ་བྱེད་ཀྱི་ཡོད་པ་སྟེ། རྒྱ་ནག་གིས་ཞིན་ཅང་ལ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་ངོ་རྒོལ། རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་བཏང་སྟེ་དམངས་གཙོ་དོན་གཉེར་བ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པར་སྐྱོན་བརྗོད། ཐེ་ཝན་ལ་དམག་གིས་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་བཅས་ཀྱིས་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་། རྒྱ་ནག་གཞུང་གིས་ཞིན་ཅང་དང་ཧོང་ཀོང་། ཐེ་ཝན་སོགས་རྒྱ་ནག་གི་ནང་སྲིད་ཡིན། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་འདུག་ཅེས་དགག་པ་དྲག་པོ་བརྒྱབ། སྔ་ལོ་ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་བློན་མོ་རི་སན་གྱིས་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་རྒྱལ་སྤྱིའི་རང་བཙན་གྱི་ཚོགས་ཆུང་ཞིག་གིས་ཞིབ་འཇུག་བྱ་དགོས་ཞེས་གྲོས་གཞི་བཏོན། དེ་ནས་བཟུང་སྟེ་རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ཀྱི་དངོས་ཟོག་མང་དག་ཅིག་ནང་འདྲེན་བྱ་རྒྱུ་མཚམས་བཞག བདུན་ཕྲག་འདིར་རྒྱ་ནག་གཞུང་གིས་མ་འོངས་པའི་ལོ་ལྔའི་རིང་ལ་ཨོ་གླིང་གི་རྒུན་ཆང་ཐོན་སྐྱེད་ལ་སྒོ་ཁྲལ་བརྒྱ་ཆ་༢༠༠་ལྷག་སྤར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་ཟླ་གསར་པ་ཞིག་ཕྲད།།

ཟླ་བ་སྔོན་མར་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་ལྷན་ཚོགས་ཀྱི་ཨེ་ཤི་ཡའི་འབྲེལ་མཐུད་པ་ཁེམ་བྷེལ་གྱིས་གསར་འགོད་པ་ཚོར་རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་གནོན་ཤུགས་དང་བཙན་གནོན་བྱེད་བཞིན་པ་མཚམས་འཇོག་མ་བྱས་པར་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་འགྲོ་མི་ཐུབ། རྒྱ་ནག་གིས་ཉི་ཧོང་དང་ཧྥི་ལིན་ཕིན། ཝྭི་ཏེ་ནམ་བཅས་ལའང་དཔལ་འབྱོར་དང་ཚོང་ལས་ཀྱི་གནོན་ཤུགས་སྤྲོད་ཀྱི་འདུག རྒྱ་ནག་གིས་ང་ཚོའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་བཙན་གནོན་བྱེད་ཀྱི་ཡོད་པའི་སྐབས་འདིར་ཝ་ཤིང་ཊོན་དང་པེ་ཅིང་གི་འབྲེལ་བ་ཡར་རྒྱས་འགྲོ་ཐུབ་ཐབས་མེད་ཅེས་བཤད། དེ་རིང་གཟའ་ཕུར་བུའི་ཉིན་ཨོ་གླིང་རྒྱལ་ཁབ་ཏུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པས་ཉེ་ཆར་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་ལྷན་ཚོགས་ཀྱི་ཨེ་ཤི་ཡའི་འབྲེལ་མཐུད་པ་ཁེམ་བྷེལ་གྱིས་གཏམ་བཤད་བྱས་པ་དེར་མོས་མཐུན་དང་རྒྱབ་སྐྱོར་ཡོད་ཅེས་བསྟན། རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་སོགས་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་གནོན་ཤུགས་ཅི་ཙམ་སྤྲད་ན་དེ་ཙམ་གྱིས་རྒྱལ་ཁབ་དེ་དག་གི་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཨ་མི་རི་ཀ་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་གཞུང་འབྲེལ་མི་སྣ་རིམ་པའི་འབྲེལ་བ་བྱ་རྒྱུ་ཇེ་མང་དུ་བཏང་ན་རྒྱ་ནག་འདྲོགས་ནས་ཐེ་ཝན་ལ་དམག་གིས་སྡིགས་ར་བསྐུལ་རྒྱུ་ཤུགས་རུ་གཏོང་གི་ཡོད་པའི་གནས་ཚུན་ཐོན་འདུག ཐེ་ཝན་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་བྱས་རྗེས་དེ་འཛམ་གླིང་ཡོངས་ཀྱིས་མིག་དཔེར་བལྟ་འོས་པ་ཞིག་ཏུ་གྱུར། ནད་ཡམས་སྔོན་འགོག་དུས་སུ་ཐེ་ཝན་གཞུང་ལ་རྒྱལ་སྤྱིའི་ཐོག་ཏུ་འབྲེལ་བ་རྒྱ་སྐྱེད་གཏོང་བའི་གོ་སྐབས་བཟང་པོ་ཞིག་ཐོབ།།

བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དང་མྱུལ་ཞིབ་གནམ་གྲུ་བཅས་དམག་གི་གནམ་གྲུ་༡༠་ཐམ་པས་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་བྱས་འདུག ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གཞོན་པ་ཁྲང་ཀྲེ་ཕིང་གིས་རྒྱ་ནག་གི་འཐབ་ཇུས་དེ་གནམ་མཚོ་གཉིས་ནས་ཐེ་ཝན་ལ་དུས་གཅིག་ཏུ་དཔུང་འཇུག་བྱ་རྒྱུའི་དམག་དོན་འཐབ་ཇུས་ཤིག་རེད་ཅེས་བཤད། ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ནང་དུ་རྒྱ་ནག་གི་དམག་སྦྱོང་ལ་བལྟས་ནས་ཐེ་ཝན་མཚོ་གླིང་ལྷོ་བྱང་ཤར་གསུམ་ནས་མཐའ་བསྐོར་རྒྱུ། རྒྱ་ནག་གི་དམག་སྦྱོང་དེ་ཨ་རི་དང་ཉི་ཧོང་། ཐེ་ཝན་གསུམ་ལ་གོ་རྒྱུ་བཏང་བ་ཞིག་རེད། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་ཨ་རི་དང་ཉི་ཧོང་། ཐེ་ཝན་གསུམ་ལ་འཐབ་རྒོལ་བྱེད་དགོས་པའི་དམག་སྦྱོང་བྱེད་ཀྱི་འདུག ཨ་མི་རི་ཀ་དང་ཉི་ཧོང་གི་དམག་དཔུང་མ་འབྱོར་སྔོན་ལ་རྒྱ་ནག་གིས་ཐེ་ཝན་མཐའ་བསྐོར་རྒྱུ། རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་ལ་གཏོར་རྒོལ་བྱ་རྒྱུ་དང་དུས་ཡུན་ཆུ་ཚོད་འགའ་ཞིག་གི་ནང་དུ་དམག་དཔུང་ཐེ་ཝན་ལ་བསླེབ་ཐུབ་པའི་སྦྱོང་བརྡར་ཞིག་སྤྲོད་ཀྱི་འདུག་ཅེས་བཀོད། གཟའ་ཟླ་བའི་ཉིན་རྒྱ་ནག་གིས་དམག་སྦྱོང་བྱས་པ་དེ་ཕཱ་ལོ་རྒྱལ་ཁབ་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ཐེ་ཝན་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་བྱུང་ཞིང་། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཨ་རི་དང་ཐེ་ཝན་གྱི་མཚོ་སྲུང་དམག་གིས་ལས་དོན་མཉམ་སྒྲུབ་བྱ་རྒྱུའི་གྲོས་མཐུན་ཞིག་བཞག་པར་རྒྱ་ནག་གིས་དམག་དོན་གནམ་གྲུ་༢༠་ཐམ་པ་ཐེ་ཝན་ཕྱོགས་སུ་བཏང་ནས་དྲག་པོའི་སྡིགས་ར་བསྐུལ།།

ཉི་ཧོང་གི་སྲིད་བློན་སཱུ་གྷ་ཕྱི་ཟླ་༤་པའི་ཚེས་༩་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་འཚམས་འདྲིར་ཕེབས་ཏེ་ཕོ་བྲང་དཀར་པོར་སྲིད་འཛིན་ཇཱོ་བྷ་ཌན་ལ་ཐུག་འཕྲད་གྲོས་མོལ་གནང་འཆར་ཡོད་ཅིང་། ཎི་ཁེ་གསར་འགྱུར་ལས་ཁང་གིས་ཨ་རིའི་སྲིད་འཛིན་དང་ཉི་ཧོང་གི་སྲིད་བློན་གཉིས་ཀས་ཐེ་ཝན་མཚོ་འགག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་དགོས་ཞེས་བཀའ་མོལ་གནང་འཆར་ཡོད་པའི་གནས་ཚུལ་སྤེལ། རྒྱ་ནག་གཞུང་གིས་སྔོན་ནས་ཉི་ཧོང་ཨ་མི་རི་ཀའི་ཕྱོགས་སུ་ལངས་ནས་ཐེ་ཝན་གྱི་གནད་དོན་ཐོག་ཏུ་ལངས་ཕྱོགས་གསལ་སྟོན་བྱས་ན་པེ་ཅིང་ཀྲོག་ཁིའོ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་ངེས་ཡིན། རྒྱ་ནག་གིས་དེ་ལ་འཐབ་རྒོལ་གྱི་ལན་པ་འདྲ་མཚུངས་ཤིག་བསློགས་ནས་ཉི་ཧོང་གིས་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དགོས་ཐུག་སྲིད་ཅེས་ཉེན་བརྡ་བཏང་འདུག ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ནི་ཉི་ཧོང་གི་བདེ་འཇགས་ལ་འབྲེལ་བ་ཆེན་པོ་འདུག དཔེར་ན་ཉི་ཧོང་གི་ནུབ་ཕྱོགས་ཀྱི་ཡོ་ན་གུ་ཎི་གླིང་ཕྲན་ནས་ཐེ་ཝན་ལ་སྤྱི་ལེ་༧༠་ཡས་མས་ཤིག་གི་རྒྱང་ཁད་ལས་མེད། ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་སྲུང་དྲུང་ཆེ། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་རྣམས་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་སུ་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་གླེང་། ཨ་རི་དང་ཉི་ཧོང་གི་བློན་ཆེན་བཞིའི་ཐུག་འཕྲད་གྲོས་མོལ་རྗེས་སུ་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་རྒྱ་ནག་དང་ཨ་མི་རི་ཀས་དམག་འཁྲུག་བརྒྱབ་ན་ཉི་ཧོང་གིས་ཨ་མི་རི་ཀར་མཉམ་འབྲེལ་དམ་ཟབ་བྱ་རྒྱུའི་མོས་མཐུན་བྱས་པ་རེད་ཅེས་ཁིའོ་དྷོ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་རུང་གསར་འགྱུར་ལས་ཁང་གཞན་གྱིས་གནས་ཚུལ་དེ་ངོ་མ་ཡིན་མིན་ངེས་གཏན་མ་ཐུབ། ཉམས་ཞིབ་པ་ཚོས་བདུན་ཕྲག་རྗེས་མར་སྲིད་འཛིན་བྷ་ཌན་དང་སྲིད་བློན་སཱུ་གྷ་གཉིས་ཀྱི་མཉམ་འབྲེལ་གསལ་བསྒྲགས་སྐབས་སུ་རྒྱ་ནག་དང་ཉི་ཧོང་གི་རྩོད་གཞིར་གྱུར་པའི་་སན་ཀ་ཁུ་གླིང་ཚོམ་གྱི་བདག་དབང་དང་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་བཅས་ལ་གསལ་ཁ་ཆེ་ཙམ་གཏོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG