ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མགོ་ལོག་དར་ལག་རྫོང་དུ་བོད་ཡིག་གི་སློབ་དེབ་རྣམས་རྒྱ་ཡིག་ལ་བཙན་སྒྱུར།


༄༅།། ཕྱི་ཟླ་༨་ཚེས་༢༤་ཉིན་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཁུལ། དར་ལག་རྫོང་གི་བོད་པ་གཞོན་སྐྱེས་གཉིས་ཀྱིས་ས་ཁུལ་དེར་ལོ་འདིའི་ཕྱི་ཟླ་དགུ་པ་ནས་སློབ་གྲྭ་ཁག་གི་སློབ་དུས་གསར་པ་འགོ་ཚུགས་པའི་དུས་སུ་སློབ་ཚན་ཚང་མ་རྒྱ་ཡིག་ལ་སློབ་ཁྲིད་བྱ་དགོས་ཞེས་རྒྱ་ནག་གཞུང་གིས་བཀོད་ཁྱབ་བཏང་ཡོད་པ་དེར་མི་འདོད་པའི་སྐད་ཆ་བཤད་ནས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཞིང་། ད་ལྟ་རྒྱ་གཞུང་གི་ཉེན་རྟོག་པས་བོད་པ་ན་གཞོན་དེ་དག་འཛིན་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་འོག་ཏུ་བཞག་འདུག་ཅེས་མིང་དངོས་སུ་བརྗོད་འདོད་མེད་པའི་ས་གནས་དེའི་འབྲེལ་ཡོད་མི་སྣ་ཞིག་གིས་ཕྱི་ཟླ་༨་པའི་ཚེས་༢༧་ཉིན་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མགོ་ལོག་ཁུལ་གྱི་དར་ལག་རྫོང་དུ་བོད་པ་གཉིས་འཛིན་བཟུང་བྱས་པའི་རྒྱུ་མཚན་གཙོ་བོ་ནི་ཉིན་བཞི་ལྔ་ཞིག་གི་སྔོན་དེར་དར་ལག་རྫོང་གི་སློབ་གྲྭའི་ཚོགས་པ་ཞིག་ལ་ཕྱི་ཟླ་དགུ་པ་ནས་སློབ་དུས་གསར་པ་ཡར་ཚོགས་བྱེད་པའི་སྐབས་སུ་རྒྱ་ཡིག་གི་སློབ་ཚན་ལེན་དགོས་པ་དང་བོད་ཡིག་གི་སློབ་དེབ་ཚང་མ་རྩིས་སྤྲོད་བྱ་དགོས། ཕ་མ་ཚོས་དེ་ལ་འགན་ལེན་བྱེད་དགོས་ཞེས་བརྡ་ཁྱབ་བཏང་བ་རེད། དེར་བརྟེན་གཡང་རིས་དང་མགུལ་གྲགས་ཟེར་བའི་བོད་པ་གཞོན་སྐྱེས་གཉིས་ཀྱིས་སློབ་ཁྲིད་ཚང་མ་རྒྱ་ཡིག་ལ་བསྒྱུར་ཚེ། མ་འོངས་པར་བོད་པའི་བུ་ཕྲུག་ཚོར་དཀའ་ངལ་འཕྲད་རྒྱུ་ཡིན་རེད། དེ་ལས་བུ་ཕྲུག་ཚོ་སློབ་གྲྭར་མ་བཏང་བར་རི་མགོར་ཟོག་ལུག་འཚོ་སྐྱོང་བྱེད་དུ་བཏང་ན་དགའ་ས་རེད་ཅེས་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་སྐད་ཆ་བཤད། ཕྱི་ཚེས་༢༤་ཉིན་ཉེན་རྟོག་པ་ཡོང་ནས་ན་གཞོན་དེ་དག་རང་ཁྱིམ་དུ་འཛིན་བཟུང་བྱས་སོང་། ད་ལྟ་ཁོ་ཚོ་བཀག་ཉར་ཁང་དུ་ཡོད་པ་རེད་ཟེར་གྱི་འདུག ད་དུང་བོད་པ་གཞན་པ་ཁ་ཤས་ཀྱང་གནད་དོན་དེར་འབྲེལ་བ་ཡོད་རེད་ཅེས་འཛིན་བཟུང་བཀག་ཉར་བྱེད་ཡོད་པའི་གནས་ཚུལ་ཞིག་གོ་ཐོས་འབྱུང་རྒྱུ་འདུག ཡིན་ནའང་མི་དེ་དག་གི་མིང་དང་གནས་སྟངས་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཞིག་ཤེས་རྟོགས་བྱུང་མ་སོང་། གོང་དུ་འཛིན་བཟུང་བྱས་པའི་གཡང་རིས་དང་མགུལ་གྲགས་ནི་དར་ལག་རྫོང་གི་བོད་ཡིག་སློབ་གྲྭའི་མཐར་ཕྱིན་སློབ་མ་ཡིན་པ་དང་གཉིས་ཀ་སྤུན་མཆེད་རེད་ཅེས་འགྲེལ་བརྗོད་གནང་འདུག

སྤྱིར་རྒྱ་ནག་གཞུང་གིས་ད་ལོ་ནས་བཟུང་སྟེ་མཚོ་སྔོན་སོགས་བོད་ཀྱི་ས་ཁུལ་ཁག་གི་ས་ཆ་མང་པོ་ཞིག་གི་སློབ་གྲྭ་ཁག་ལ་དངོས་སུ་རྒྱ་སྒྱུར་གྱི་སློབ་གསོའི་སྲིད་ཇུས་བསྟར་ལེན་བསྟར་འགོ་ཚུགས་བཞིན་པར་མ་ཟད། བོད་ཀྱི་སྐད་ཡིག་དང་རིག་གཞུང་གཙོ་བོར་འཛིན་པའི་སྒེར་གཉེར་སློབ་གྲྭ་མང་པོ་ཞིག་བཙན་གྱིས་སྒོ་བརྒྱབ། དཔེར་ན་ཉེ་ཆར་ཕྱི་ཟླ་༨་པའི་མགོ་སྟོད་དེར་རྒྱ་ནག་གཞུང་གིས་བོད་མདོ་ཁམས་ཏྲེ་ཧོར་དར་རྒྱས་ཡུལ་གྱི་རྒྱལ་བསྟན་དགེ་རྩ་སློབ་གྲྭའི་བསླབ་གཞི་དང་ཁྲིད་གཞི་རྣམས་རྒྱ་ཡིག་རྒྱ་སྐད་ལ་བསྒྱུར་དགོས། སློབ་གྲྭའི་ཡིག་རྒྱུགས་ཀྱང་རྒྱ་ཡིག་ཏུ་གཏོང་དགོས། དེ་ལྟར་མ་བྱས་ན་སློབ་གྲྭ་སྒོ་རྒྱག་རྒྱུ་ཡིན་ཞེས་བཀོད་ཁྱབ་བཏང་བའི་གནས་ཚུལ་ཐོན་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG