ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གཞུང་གིས་སེར་ཤུལ་རྫོང་གི་བོད་པ་༣༠་བཀག་ཉར།


༄༅།། དེང་སྐབས་རྒྱ་གཞུང་གིས་དབྱེ་བགོ་བྱེད་ཡོད་པའི་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་གི་རྫ་དབོན་པོ་དགོན་པའི་མི་མང་སྐྱ་སེར་༣༠་ཡས་མས་ཤིག་རྒྱ་ནག་གཞུང་གིས་བཀག་ཉར་འོག་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་བོད་ནང་གི་ས་གནས་དེའི་བོད་པ་མིང་བརྗོད་འདོད་མེད་པ་ཞིག་གིས་འདི་གའི་གསར་འགོད་པར་བརྗོད་དོན་ལྟར་ན། ཕྱི་ཟླ་༨་པའི་ཚེས་༢༡་དང་༢༢་བཅས་ལ་རྫ་དབོན་པོ་དགོན་པའི་ལྷ་སྡེ་དབོན་པོ་སྡེ་པའི་བུ་མེད་བཞི་ཚུད་པའི་སྐྱ་སེར་མི་གྲངས་༣༠་ཡས་མས་ཤིག་རྒྱ་གཞུང་གི་དམག་མིས་འཛིན་བཟུང་བྱས་ནས་གང་དུ་བཀག་ཉར་བྱེད་ཡོད་མེད་རྩད་གཅོད་མི་ཐུབ་པ་དང་སྡེ་མི་དེ་དག་ཟླ་བ་གཅིག་ཙམ་ལ་འགོག་ཉར་བྱ་རྒྱུ་རེད་ཅེས་གླེང་སློང་འབྱུང་གི་ཡོད་པའི་གནས་ཚུལ་ཐོན་འདུག གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། མི་འགྱངས་པར་རྒྱ་ནག་གི་ཚོགས་འདུ་ཆེན་པོ་ཞིག་འཚོགས་རྒྱུ་ཡིན་པ་དང་སྐབས་དེར་དོན་རྐྱེན་མི་འབྱུང་བའི་ཆེད་དུ་རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་འཛོལ་བྱེད་མི་ཉན་ཞེས་མང་ཚོགས་བསྡུས་ནས་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་པའི་སྒང་རེད། རྒྱ་གཞུང་གི་ལས་བྱེད་པའི་རྣམ་འགྱུར་ལ་བལྟས་ན་ཚོགས་ཆེན་འཚོགས་པའི་སྐབས་སུ་དབོན་པོ་དགོན་སྡེ་གཉིས་ཀྱི་མི་མང་ཁག་ཅིག་འཛིན་བཟུང་བྱ་རྒྱུའི་རྟགས་མཚན་ཡོད་པས་མང་ཚོགས་ལ་སེམས་ཁྲལ་ཡོང་གི་འདུག སྤྱིར་འདི་ལོའི་ཕྱི་ཟླ་༣་པའི་ནང་དུ་རྒྱ་གཞུང་གི་ལས་བྱེད་པ་རྣམས་ས་གནས་སུ་བསླེབས་ནས་དུད་ཁྱིམ་ཚང་མས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་མི་ཆོག་ཅེས་བཙན་བཀའ་བཏང་བར་མ་ཟད། དུད་ཁྱིམ་ཁ་ཤས་ཀྱི་ནང་དུ་སྐུ་པར་སྒྲིག་གཤོམ་བྱེད་ཡོད་པ་མཐོང་སྟེ་ཁྱིམ་ཚང་དེ་རྣམས་ཐོ་འགོད་བྱས་སོང་། ཉིན་ཤས་གོང་དུ་སྔོན་ཆད་ཐོ་འགོད་བྱས་ཡོད་པའི་ཁྱིམ་ཚང་ཁག་གི་མི་རྣམས་ཉེན་རྟོག་ཁང་དུ་ཡོང་དགོས་ཞེས་གསལ་བཤད་ཅི་ཡང་མེད་པར་རེ་རེ་བཞིན་འཛིན་བཟུང་བྱེད་འགོ་ཚུགས་པ་རེད་ཅེས་བཀྲལ།། གསར་འགྱུར་མཁོ་སྤྲོད་པས་དབོན་པོ་ཁུལ་གྱི་སྐྱ་སེར་མང་ཚོགས་ཀྱིས་རྒྱ་གཞུང་གི་ཁྲིམས་ལ་འགལ་བའི་བྱ་བ་ཅི་ཡང་བསྒྲུབས་མེད་ཅིང་། རྒྱ་ནག་གི་དམག་མིས་མི་མང་འཛིན་བཟུང་བྱེད་དགོས་དོན་དང་ནག་ཉེས་ཅི་ཞིག་བསགས་ཡོད་པ་སོགས་འགྲེལ་བཤད་གང་ཡང་བརྒྱབ་མ་སོང་། སྔ་ཕྱིར་རྫ་དབོན་པོ་དགོན་སྡེ་གཉིས་ནས་འཛིན་བཟུང་བྱས་བའི་སྐྱ་སེར་ཚོའི་ཁྱིམ་ཚང་ཁག་ཅིག་ཏུ་རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་པར་སྒྲིག་གཤོམ་བྱས་ཡོད་པ་དང་འགའ་ཞིག་གིས་རང་རང་གི་ཁ་པར་ནང་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཉར་འཇོག འགའ་ཞིག་གིས་བོད་ཕྱི་ལོགས་སུ་འབྲེལ་བ་བྱས་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་འདྲ། ཁོང་ཚོས་ཁྲིམས་འགལ་བྱས་ནས་ནག་ཉེས་ཅི་ཡང་བསགས་མེད་པ་ཚང་མས་ཤེས་གསལ་རེད། ད་ལྟ་འཛིན་བཟུང་འོག་ཡོད་པའི་སྐྱ་སེར་དེ་དག་གི་བཟའ་མི་སྤུན་མཆེད་ཚོས་དོ་དམ་འོག་ཏུ་ཚུད་པ་རྣམས་མྱུར་ཏུ་གློད་གྲོལ་འཐོབ་རྒྱུའི་རེ་བ་ཆེན་པོ་འཆང་བཞིན་འདུག རྒྱ་གཞུང་གི་དམག་མི་དང་ལས་བྱེད་པ་ཚོས་དགོན་གྲོང་གཉིས་ཀྱི་ཁྱིམ་ཚང་ཁག་ལ་སྔོག་བཤེར་དང་དམ་དྲག རྒྱ་གཞུང་ལ་དགའ་ཞེན་བྱེད་དགོས་པའི་སློབ་གསོའི་ཚོགས་འདུ་བསྡུས་ནས་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་འདུག་ཅེས་བརྗོད་འདུག་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG