ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གཞུང་གིས་རྫ་དབོན་པོ་དགོན་པའི་དགེ་འདུན་པ་༡༩་འཛིན་བཟུང་།


རྫ་དབོན་པོ་དགོན་
རྫ་དབོན་པོ་དགོན་

༄༅།། རྒྱ་ནག་གཞུང་གིས་ཕྱི་ཟླ་༨་པའི་ཚེས་༢༣་གྱི་དགོང་མོའི་ཆུ་ཚོད་བརྒྱད་པ་ཡས་མས་སུ་བོད་ཀྱི་རྫ་དབོན་པོ་དགོན་པའི་དགེ་འདུན་པ་༡༨་འཛིན་བཟུང་བྱས་ཤིང་། ཕྱི་ཚེས་༢༤་ཉིན་གྱི་ཞོགས་པར་སླར་ཡང་གྲྭ་པ་ཞིག་འཛིན་བཟུང་བྱས་པ་བཅས་ཁྱོན་བསྡོམས་རྫ་དབོན་པོ་དགོན་པའི་དགེ་འདུན་པ་༡༩་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག དེ་ཡང་གསར་འགྱུར་མཁོ་སྤྲོད་པ་བོད་དུ་བཞུགས་ཡོད་པས་དོ་བདག་གི་བདེ་འཇགས་ཆེད་དུ་མིང་དངོས་སུ་གསར་འགྱུར་ནང་དུ་སྒྲོགས་ཐབས་བྲལ་ཞིང་། ཁོང་གིས་ཕྱི་ཟླ་༨་པའི་ཚེས་༢༣་ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པ་ཡས་མས་སུ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། སེར་ཤུལ་རྫོང་གི་རྫ་དབོན་པོ་དགོན་པའི་དགེ་འདུན་པ་༡༨་ཉེན་རྟོག་ལས་ཁུངས་སུ་འགྲོ་དགོས་ལུགས་བརྗོད་དེ་བཙན་ཁྲིད་ཀྱིས་འཛིན་བཟུང་བྱས་པ་རེད། ཕྱི་ཚེས་༢༤་ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པ་ཡས་མས་སུ་བསྐྱར་དུ་གྲྭ་པ་ཞིག་འཛིན་བཟུང་བྱས་པ་བསྡོམས་པས་དགེ་འདུན་པ་༡༩་འཛིན་བཟུང་བཙན་ཁྲིད་བྱས་སོང་ཞེས་བཤད།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། དགེ་འདུན་པ་དེ་རྣམས་བློ་ལྡན་ཆུང་ལམ་དང་དཔལ་སྐྱབས། བསྟན་འཛིན་བློ་གསལ། པན་རྡོ། བློ་ཤེར། ཆོས་མཆོག དགའ་ལྡན། ཤེས་རབ། འཇམ་དཔལ། རྡ་ལོ། གཅོད་པ། བསོད་ནམས་དགའ་ལགས། རྟ་མགྲིན་ནོར་བུ་སོགས་རེད། ཁོང་ཚོ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་དགོས་དོན་ནི་དགེ་འདུན་པ་དེ་དག་གི་གྲྭ་ཤག་ཏུ་རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་པར་སྒྲིག་གཤོམ་བྱས་ནས་བཞག་ཡོད་པ་རྒྱ་གཞུང་གི་ལས་སྣེ་ཚོས་མཐོང་སྟེ་སྐུ་པར་ཕབ་ལེན་བྱས་པ་དང་སྒྲིག་གཤོམ་བྱེད་དུ་མ་བཅུག་པ། ཁོང་ཚོར་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུར་པར་བཀྲམ་པའི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་འདུག ད་ལྟའི་ཆར་རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་པར་ཞིག་ས་ཕྱོགས་དེའི་ཁྱིམ་ཚང་དང་གྲྭ་ཤག་སོགས་ཀྱི་མཆོད་བཤམས་ནང་དུ་སྒྲིག་མི་ཆོག་པའི་བཀག་སྡོམ་ནན་པོ་བྱེད་བཞིན་པའི་སྐབས་ཤིག་ཡིན་ཞིང་། མདང་དགོང་འཛིན་བཟུང་བྱས་པའི་དགེ་འདུན་པ་དེ་དག་ལ་ཐུགས་འཕྲད་བྱེད་མི་ཆོག་པར་མ་ཟད། ཁོང་ཚོར་ནག་ཉེས་གང་འདྲ་ཞིག་ཡབཙུགས་ཡོད་མེད་ཤེས་རྟོགས་མེད་པར་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཏེ་བཟའ་བཏུང་དང་མལ་སྟན་སོགས་སྤྲོད་དུ་འཇུག་གི་མེད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG