ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཁམས་ཏྲེ་ཧོར་ཁུལ་གྱི་སློབ་གྲྭ་ཞིག་གི་སློབ་དེབ་རྣམས་རྒྱ་ཡིག་ལ་བསྒྱུར་རྒྱུ།


༄༅།། ཉེ་ཆར་ཕྱི་ཟླ་༨་པའི་མགོ་སྟོད་དེར་རྒྱ་ནག་གཞུང་གིས་བོད་མདོ་ཁམས་ཏྲེ་ཧོར་དར་རྒྱས་ཡུལ་གྱི་རྒྱལ་བསྟན་དགེ་རྩ་སློབ་གྲྭའི་བསླབ་གཞི་དང་ཁྲིད་གཞི་རྣམས་རྒྱ་ཡིག་རྒྱ་སྐད་ལ་བསྒྱུར་དགོས། སློབ་གྲྭའི་ཡིག་རྒྱུགས་ཀྱང་རྒྱ་ཡིག་ཏུ་གཏོང་དགོས། དེ་ལྟར་མ་བྱས་ན་སློབ་གྲྭ་སྒོ་རྒྱག་རྒྱུ་ཡིན་ཞེས་བཀོད་ཁྱབ་བཏང་བའི་གནས་ཚུལ་ཐོན་འདུག འོན་ཀྱང་དེང་སྐབས་ས་གནས་དེར་རྒྱ་གཞུང་གིས་ཞིབ་བཤེར་དང་དམ་དྲག་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད་པས་རྒྱ་གཞུང་གི་བཀོད་ཁྱབ་ཡིག་ཆ་དེ་ཕྱི་ལ་བསྐུར་ཐབས་མི་འདུག་ཅེས་མིང་དངོས་སུ་བརྗོད་འདོད་མེད་པའི་ས་གནས་དེའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། སློབ་གྲྭ་སྒོ་རྒྱག་རྒྱུའི་ཉེན་བརྡ་དེར་སློབ་གྲྭའི་འབྲེལ་ཡོད་ལས་སྣེ་ཁག་དང་ས་གནས་མང་ཚོགས་ཀྱིས་ངོས་ལེན་མེད་པའི་རྣམ་འགྱུར་བསྟན། དེར་བརྟེན་རྒྱ་གཞུང་གིས་སློབ་གྲྭའི་དགེ་རྒན་དང་འཛིན་སྐྱོང་གི་ལས་བྱེད་པ་ཚོའི་ཁ་པར་དང་ཉིན་རེའི་འཚོ་བར་དམ་དྲག་ཆེན་པོ་བྱེད་བཞིན་འདུག གོང་རིམ་ནས་བཏང་བའི་བརྡ་ཁྱབ་དེ་ཕན་ཚུན་བརྒྱུད་སྐུར་དང་ཕྱི་ལ་གཏང་ཐུབ་རྒྱུ་ཁག་པོ་རེད། སློབ་གྲྭའི་བསླབ་གཞི་ཚང་མ་རྒྱ་ཡིག་རྒྱ་སྐད་ལ་བསྒྱུར་དགོས་པ་སོགས་ཀྱི་བཀའ་གཏོང་མཁན་ནི་ཏྲེ་ཧོར་དར་རྒྱས་ཀྱི་ས་གནས་སྲིད་གཞུང་ཡིན་ཞིང་། གལ་སྲིད་ས་གནས་གཞུང་གི་བཀའ་ལ་མོས་མཐུན་མ་བྱས་ན་སློབ་གྲྭ་སྒོ་རྒྱག་རྒྱུ་རེད། ད་ལྟའི་ཆར་འབྲེལ་ཡོད་དགེ་རྒན་དང་ལས་བྱེད་པ། སློབ་ཕྲུག་གི་ཕ་མ་སོགས་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་གང་ཡང་བྱུང་མ་སོང་ཞེས་བཀྲལ།།

རྒྱལ་བསྟན་དགེ་རྩ་སློབ་གྲྭ་ནི་ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། མདོ་ཁམས་ཏྲེ་ཧོར་རོང་པ་ཚ་ཡུལ་ཚོའི་བཀྲ་ཤིས་དར་རྒྱས་དགོན་པའི་མཆོག་སྤྲུལ་རྒྱལ་བསྟན་བློ་བཟང་བྱམས་པས་༡༩༩༤་ལོའི་ཕྱི་ཟླ་༡༠་པའི་ཚེས་༡་ཉིན་རྒྱ་གཞུང་གི་ཆོག་མཆན་ལྟར་གསར་དུ་བཙུགས་པའི་སྒེར་གཉེར་སློབ་གྲྭ་ཞིག་ཡིན་འདུག ད་ལྟའི་བར་དུ་སློབ་གྲྭ་དེར་འཛིན་རིམ་དང་པོ་ནས་བརྒྱད་པ་བར་དུ་ཡོད་པར་མ་ཟད། སློབ་ཚན་རྣམས་བོད་ཡིག་གཙོས་རྒྱ་ཡིག་དང་དབྱིན་ཇི། རྩིས་རིག་དང་གསོ་རིག་བཅས་སྲོལ་རྒྱུན་དང་དེང་དུས་ཀྱི་སློབ་ཚན་ཁག་སློབ་ཁྲིད་བྱེད་ཀྱི་ཡོད་ཅིང་། ད་དུང་ལག་ཤེས་སྦྱོང་བརྡར་གྱི་སློབ་ཚན་ཞིག་ཀྱང་བཀོད་སྒྲིག་བྱས་ནས་༢༠༢༠་ལོར་སློབ་ཕྲུག་༣༧༧་དང་དགེ་ལས་༣༥་ཡོད་འདུག ད་བར་སློབ་ཕྲུག་༦༧༧་མཐར་ཕྱིན་པ་དང་ལག་རྩལ་སློབ་སྦྱོང་ཐོན་མཁན་སློབ་ཕྲུག་༡༧༠་བཅས་ཁྱོན་སློབ་ཕྲུག་༡༠༠༠་ལྷག་འདུས། སློབ་ཕྲུག་ཚོས་སློབ་ཡོན་སྤྲོད་མི་དགོས་པར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཐོབ། ས་གནས་མང་ཚོགས་ཀྱིས་སློབ་གྲྭ་དེར་རྒྱབ་སྐྱོར་བྱས་ནས་དགའ་བསུ་ཆེན་པོ་ཞུས། ཕྱིས་སུ་ཟི་ཁྲོན་ཞིང་ཆེན་སྤྱི་ཚོགས་ནུས་པ་ལྡན་པའི་སློབ་འཛུགས་སྔོན་ཐོན་ཚོགས་པའི་བྱ་དགའ་དང་ཟི་ཁྲོན་ཞིང་ཆེན་སྤྱི་ཚོགས་ནུས་པ་ལྡན་པའི་སློབ་འཛུགས་སྔོན་ཐོན་མི་སྣའི་བྱ་དགའ་བཅས་གཟེངས་རྟགས་མང་དག་ཅིག་ཐོབ་འདུག་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG