ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྤྱི་འཐུས་དགོངས་པ་ཞུས་པ་དག་གི་ཚབ་གསར་གྱིས་ལས་ཁུར་བཞེས་པ།


༄༅།། ཟླ་བ་འདིའི་ཚེས་༨་ཉིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཅུ་པས་ཁྲིམས་ཞིབ་པ་གསུམ་དུས་གཅིག་ཏུ་འཕོ་འགྱུར་གཏོང་ཆོག་པའི་དབང་ཚད་བཅའ་ཁྲིམས་ནང་དུ་སྤྲད་ཡོད་པ་མ་རེད་ཅེས་བཅའ་ཁྲིམས་ལ་འགྲེལ་བ་བསྐྱོན་པའི་བརྙན་འཕྲིན་བཅར་འདྲི་ཞིག་རྒྱང་སྲིང་ཞུས་པའི་རྗེས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་དང་མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་གཉིས་ཉིན་དེར་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་ལས་གནས་ནས་དགོངས་པ་ཞུས་ཡོད་ཅིང་། དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་༢༠༡༦་ལོའི་བོད་མི་མང་སྤྱི་འཐུས་འོས་བསྡུའི་དུས་སུ་དབུས་གཙང་ཆོལ་ཁའི་འོས་གྲངས་ཀྱི་སྒུག་ཐོའི་ནང་གི་ཨང་དང་པོ་སྨན་པ་ཁྱུ་གསར་རྣམ་རྒྱལ་དང་མདོ་སྨད་ཆོལ་ཁའི་འོས་གྲངས་ཀྱི་སྒུག་ཐོའི་ནང་གི་ཨང་དང་པོ་དགེ་བཤེས་རྔ་བ་གངས་རི་གཉིས་སྤྱི་འཐུས་ཚབ་གསར་དུ་བསྐོ་བཞག་བྱས་པར་མ་ཟད། དེ་རིང་ཕྱི་ཚེས་༡༤་ཉིན་ཁོ་ཚོས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་ཨ་ཅྱ་ཡི་ཤེས་ཕུན་ཚོགས་ཀྱི་དྲུང་དུ་ལས་ཁུར་དམ་བཅའ་བཞེས་སོང་།།

བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཚང་འཛོམས་ཀྱིས་ལས་ཁུར་དམ་འབུལ་གྱི་མཛད་སྒོ་ཚོགས། ཚོགས་གཙོ་གཞོན་པ་ཨཅྱ་ཡི་ཤེས་ཕུན་ཚོགས་ཀྱིས་སྤྱི་འཐུས་གསར་པ་གཉིས་ལ་འཚམས་འདྲི་དང་གཉན་འཕྲང་ཆེ་བའི་སྐབས་འདིར་སྤྱི་འཐུས་ཀྱི་མཛད་ཁུར་བཞེས་པར་བསྔགས་བརྗོད་ཞུས། གྲོས་ཚོགས་ཀྱི་ཚོགས་ཁང་དུ་དམ་འབུལ་མཛད་སྒོ་གྲུབ་པའི་གཞུག་ཏུ་སྤྱི་འཐུས་གསར་པ་གཉིས་ལ་སྤྱི་འཐུས་གཞན་ཚོས་འདུ་འཛོམ་ཁང་དུ་འཚམས་འདྲིའི་སྐུ་པར་སྒྲོན་པ་དང་ཁྲིམས་སྒྲིག་ཁག་ངོ་སྤྲོད། སྤྱི་འཐུས་གསར་པ་གཉིས་ཚོགས་ཁང་ནས་ཕྱི་ལ་ཕེབས་དུས་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་སོང་། སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་ཀྱི་ལས་ཡུན་ཟླ་བ་གཉིས་མེད་ཀྱང་ལས་ཁུར་དམ་འབུལ་ཞུ་མཁན་སྨན་རམས་པ་ཁྱུ་གསར་རྣམ་རྒྱལ་གྱིས་དམངས་གཙོའི་ཀ་བ་གསུམ་ནི་ལུས་ལ་མེད་དུ་མི་རུང་བའི་ཁྲག་དང་ལུས་སྲུང་གི་དགོས་མཁོ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད། རྒྱུད་བཞི་ལྟ་བུའི་ཁྲིམས་སྒྲིག་ཁག་ལ་གཟིགས་ནས་ད་ལྟའི་དཀའ་ངལ་འདི་སེལ་བར་ལས་དོན་ལ་མཉམ་ཞུགས་བྱས་པ་ཡིན་ཞེས་བཤད།།

དགེ་བཤེས་རྔ་བ་གངས་རིས་ད་ལྟའི་དུས་སྐབས་སུ་མང་ཚོགས་ཀྱི་མངོན་འདོད་གཙོ་བོ་ནི་དམངས་གཙོའི་ཀ་བ་གཅིག་སླར་གསོ་བྱ་རྒྱུ་དེ་ཡིན་པས་ངས་སྤྱི་འཐུས་ཀྱི་ལས་འགན་ཁུར་པ་ཡིན་ཞེས་བཤད། སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་མཐའ་མ་དེར་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་སྟེ་ཁྲིམས་ཞིབ་པ་གསར་དུ་བསྐོ་བཞག་བྱ་རྒྱུ་བཅས་ཀྱི་ཆེད་དུ་ཕྱི་ཟླ་ལྔ་པར་གྲོས་ཚོགས་འཕར་མ་ཞིག་འཚོགས་རྒྱུའི་ཐག་བཅད། ད་ལྟའི་དུས་སུ་སྤྱི་འཐུས་རྣམས་ལྷན་འཛོམ་གནང་སྟེ་སྔོན་ལ་ཚོགས་གཙོ་འོས་འདེམས་བྱ་དགོས་པ་དང་སྐབས་རྗེས་མའི་བར་བརྒལ་ཚོགས་གཙོ་དང་སྲིད་སྐྱོང་བཅས་ཀྱིས་དམ་བཅའ་འབུལ་སའི་ཁྲིམས་ཞིབ་པ་བསྐོ་བཞག་བྱ་དགོས་ཤིང་། ད་ལྟ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་ཀྱང་གྲོས་ཚོགས་འཕར་མ་ངེས་པར་དུ་འཚོགས་ཐུབ་རྒྱུ་ཧ་ཅང་གནད་འགག་ཅན་དུ་གྱུར་ཡོད་་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG