ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

སྤྱི་འཐུས་ཚོགས་གཙོས་དགོངས་པ་ཞུས་པའི་གནས་ཚུལ་ཁ་གསབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཁ་སང་ཕྱི་ཚེས་༨་ཉིན་གྱི་ཕྱི་དྲོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་རང་གི་ངོ་དེབ་ནང་དུ་སྤྱི་ཚོགས་ལ་འགན་ཁུར་བའི་ཐོག་ནས་བཟང་སྤྱོད་ཀྱིས་ཚོགས་གཙོའི་ལས་གནས་དང་སྤྱི་འཐུས་བཅས་ནས་རྩ་དགོངས་ཞུས་ཟིན་ཞེས་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཐུང་ཐུང་ཞིག་སྤེལ་ཡོད་ཅིང་། འདི་གའི་གསར་འགོད་པས་ཚོགས་གཙོ་པདྨ་འབྱུང་གནས་ཁ་པར་བཏང་ནས་འབྲེལ་བ་ཞུ་ཐབས་བྱས་པར་མ་ཟད། དེ་རིང་ཕྱི་ཚེས་༩་ཉིན་གསར་འགོད་པ་དངོས་སུ་སྤྱི་འཐུས་ཚོགས་གཙོའི་གཟིམ་ཤག་ཏུ་བཅར་ནས་བཅར་འདྲི་ཞུ་རྒྱུའི་འབད་བརྩོན་ཞུས་ཀྱང་བཅར་འདྲིར་དང་ལེན་གནང་མེད་པ་དང་སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་བཅས་ནས་རྩ་དགོངས་ཞུ་དགོས་པའི་རྒྱུ་རྐྱེན་ཅི་ཡིན་ལ་འགྲེལ་བཤད་བརྒྱབ་མེད་པའི་གནས་ཚུལ་ཐོན་འདུག

ཁ་སང་ཁོང་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་དྲི་དང་ལེན་གནང་བ་དེའི་སྐབས་སུ་རྩ་དགོངས་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་གཉིས་ཡོད་ཅེས་བཤད་འདུག ཚོགས་གཙོ་པདྨ་འབྱུང་གནས་རྩ་དགོངས་ཞུས་པ་དེས་འོས་བསྡུའི་སྒྲིག་གཞི་ལེའུ་ལྔ་པ་གཞིར་བཟུང་བྱས་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་རྗེས་མ་མ་ཚོགས་བར་དུ་ཚོགས་གཙོ་བསྐོ་བཞག་བྱེད་ཐུབ་ཀྱི་མེད་པ་སྟེ། ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་གནད་དོན་གྱིས་ཁྲིམས་ཞིབ་པ་གསར་པ་བསྐོ་བཞག་བྱ་རྒྱུའི་ཆེད་དུ་འདེམས་སྒྲུག་ཚོགས་ཆུང་འཛུགས་མཁན་གྲས་སུ་ཚོགས་གཙོ་གཞོན་པ་དང་སྲིད་སྐྱོང་ལས་མེད་པས་དེ་ལ་རང་བཞིན་གྱིས་དོགས་སློང་མང་པོ་ཞིག་ཡོང་གི་ཡོད་པ་རེད།།

བཞུགས་སྒར་ཁུལ་གྱི་བོད་པའི་གསར་འགོད་པ་རྣམས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་ཨ་ཅྱ་ཡི་ཤེས་ཕུན་ཚོགས་ལ་གནད་དོན་དེ་དག་གི་ཐད་དུ་བཅར་དྲི་ཞུ་རུ་བཅར་ཀྱང་ཐོག་མར་དུས་ཚོད་སྔོན་ནས་གཏན་འབེབས་བྱས་མེད་པས་དྲི་བ་དྲིས་ལན་བྱ་རྒྱུ་མིན་ཞེས་ལན་བཏབ། ཕྱིས་སུ་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོའི་མཚན་ཐོག་ཏུ་སྙན་ཞུ་ཕུལ་ཏེ་དུས་ཚོད་བཀོད་སྒྲིག་བྱ་ཐབས་བྱས་ཀྱང་བཅར་འདྲིའི་གོ་སྐབས་གནང་མེད་པ་རེད།།

སྤྱི་འཐུས་སུ་རུང་ཞིག་གིས་རང་གི་ལས་གནས་ནས་དགོངས་ཞུས་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དགོངས་པ་ཞུ་མཁན་གྱི་མཚན་ཐོ་དེ་དབུས་འོས་བསྡུ་ལས་ཁང་ལ་ཕུལ་ནས་སྒུག་ཐོར་འཁོད་པའི་འོས་མི་ཞིག་དགོངས་པ་ཞུ་མཁན་སྤྱི་འཐུས་དེའི་ཚབ་ལ་བསྐོ་བཞག་བྱ་དགོས་པའི་གཞུང་འབྲེལ་གྱི་ཕྱག་བྲིས་འབུལ་སྲོལ་ཡོད་མོད། འོན་ཀྱང་ད་ལྟའི་འཆར་དབུས་འོས་བསྡུ་ལས་ཁུངས་སུ་སྤྱི་འཐུས་བློ་བཟང་ཆོས་འབྱོར་དགོངས་པ་ཞུས་པའི་དགོངས་ཤོག་གི་ངོ་བཤུས་ཤིག་ལས་སྤྱི་འཐུས་གཉིས་དགོངས་པ་ཞུས་པའི་གཞུང་འབྲེལ་གྱི་ཕྱག་བྲིས་འབྱོར་མེད་པ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG