ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཏུར་ཀི་མ་ཎི་སི་ཐན་ལ་ཏོག་དབྱིབས་ནད་དུག་ཟེར་མི་ཆོག་པ།


༄༅།། རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་དུག་ནི་འཛམ་གླིང་ཡོངས་ལ་ཁྱབ་སྟེ་འགྲོ་བ་མིའི་ཚེ་སྲོག་ལ་ཆེས་ཆེར་བསྡོ་བའི་འགོས་ནད་ཅིག་ཏུ་གྱུར། ད་ལྟ་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་གིས་ཏོག་དབྱིབས་ནད་དུག་གི་ཉེན་ཚབས་ངོས་ཟིན་ནས་འཇིགས་སྣང་བྱེད་པའམ། ཡང་ན་རིམས་ནད་དེར་རྣམ་རྟོག་གི་དབང་གིས་སྐྲག་སྣང་བྱེད་ཀྱི་ཡོད་པ་ཇི་སྙེད་ཅིག་འབྱུང་གི་ཡོད་ཅིང་། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཏུར་ཀིའི་མ་ཎི་སི་ཐན་ལ་མཚོན་་རྒྱལ་ཁབ་དེའི་སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་ཅེས་འབོད་མི་ཆོག མི་མང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ལ་འབྲེལ་བ་ཡོད་པའི་སྐད་ཆ་བཤད་དགོས་ན་གློ་ཚད་སྔོན་འགོག་དང་ན་ཚ་སྔོན་འགོག་ཅེས་མིང་འབོད་བྱ་དགོས་ཞེས་བཀའ་རྒྱ་བསྒྲགས། ད་ལྟ་འཛམ་གླིང་འདིར་ཏོག་དབྱིབས་རིམས་ནད་ཁྱབ་མེད་པའི་རྒྱལ་ཁབ་ཉུང་ཤས་ཤིག་ཡོད་པ་དེ་དག་གི་གྲས་སུ་ཏུར་ཀི་མ་ཎི་སི་ཐན་ཚུད་ཡོད། དེར་བརྟེན་རྒྱལ་ཁབ་དེའི་གཞུང་གིས་གསང་བའི་ཉེན་རྟོག་པ་བཀྲམ་ནས་སུ་ཞིག་གིས་སྤྱི་དམངས་འདུ་འཛོམས་བྱ་ཡུལ་ཁག་ཏུ་ཏོག་དབྱིབས་ནད་དུག་ཅེས་འགོས་ནད་དེའི་མིང་ནས་དངོས་སུ་བཏོན་ནས་གླེང་སློང་བྱས་ན་མི་དེ་འཕྲལ་དུ་བཀག་ཉར་བྱེད་ཆོག་ཅེས་དབང་ཚད་སྤྲད་ཡོད་པའི་གནས་ཚུལ་ཐོན་འདུག རྒྱལ་སྤྱིའི་ས་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཏུར་ཀིའི་མ་ཎི་སི་ཐན་གཞུང་གིས་ཏོག་དབྱིབས་ནད་དུག་ཅེས་མིང་འབོད་བྱེད་དུ་འཇུག་གི་མེད་པའི་སྟབས་ཀྱིས་མང་ཚོགས་ལ་ཀུན་ཁྱབ་རིམས་ནད་དེའི་ཉེན་ཚབས་ངོས་ཟིན་དུ་འཇུག་གི་མེད་པ་དང་། འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་རྣམས་ཏུར་ཀི་མ་ན་ཎི་སི་ཐན་གཞུང་གིས་ངོས་ལེན་མེད་པར་སྙོན་ཐབས་བྱེད་ཀྱི་ཡོད་པས་མི་དམངས་ཀྱི་བདེ་ཐང་ལ་ཉེན་ཁ་ཞིག་ཡིན་པར་མ་ཟད། ཏོག་དབྱིབས་ནད་དུག་ཅེས་གླེང་སློང་བྱེད་མཁན་རྣམས་འཛིན་བཟུང་བྱེད་ཀྱི་ཡོད་པ་ནི་ཐལ་དྲགས་པ་ཞིག་རེད། འདི་ནི་སྲིདའཛིན་བྷེར་ཌི་མུཀ་ཧ་མེ་དྷོབ་ཀྱི་གཅིག་སྡུད་སྲིད་དབང་སྲ་བརྟན་གཏོང་ཐབས་ཤིག་རེད་ཅེས་སྐྱོན་བརྗོད་བྱས་འདུག

དུས་རབས་སྔོན་མའི་ལོ་རབས་༩༠་ནང་དུ་ཏུར་ཀི་མ་ཎི་སི་ཐན་ཨུ་རུ་སུའི་དམར་ཤོག་གི་དབང་སྒྱུར་འོག་ནས་རང་བཙན་ཐོབ། དེང་སྐབས་ཏུར་ཀི་མ་ཎི་སི་ཐན་དང་ཁྱིམ་མཚེས་རྒྱལ་ཁབ་ཨི་རན་གཉིས་ས་འདྲེས་ཡིན་ཞིང་། ཨ་རིའི་ཇཱོན་སི་ཧོབ་ཀིན་སློབ་གྲྭ་ཆེན་མོའི་གྲངས་ཐོ་ལྟར་ནཁ་སང་གཟའ་མིག་དམར་བར་དུ་ཨི་རན་ལ་ཏོག་དབྱིབས་ནད་དུག་གིས་མི་༣༠༠༠་ཡས་མས་ཤིག་འདས་གྲོངས་སུ་གྱུར་པ་དང་མི་༤༤༦༠༠་ལྷག་ལ་ནད་དུག་འགོས་འདུག ཏུར་ཀི་མ་ཎི་སི་ཐན་ལ་ས་འདྲེས་ཡིན་པའི་ཁྱིམ་མཚེས་རྒྱལ་ཁབ་ཁ་ཛཀ་སི་ཐན་དང་ཨུ་ཛི་བྷེ་ཀི་སི་ཐན། ཨབ་གྷ་ཎི་སི་ཐན་བཅས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་བརྒྱ་ཕྲག་ལོངས་འདུག་ཅེས་གསར་འགྱུར་ཐོན། འོན་ཀྱང་ཏུར་ཀི་མ་ཎི་སི་ཐན་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པ་ནི་རྒྱལ་ཁབ་དེའི་སྲིད་གཞུང་གིས་རིམས་ནད་ཁྱབ་གདལ་བྱུང་ཡོད་པ་སྦ་གསང་བྱེད་ཀྱི་ཡོད་པ་ཡིན་ནམ། ཡང་ན་རྒྱལ་ཁབ་དེར་ངོ་མར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་མེད་པ་ཡིན་མིན་རྩད་གཅོད་ཐུབ་ཀྱི་མེད་ཅིང་། དེ་རིང་གཟའ་ལྷག་པའི་ཉིན་ཁ་ཛཀ་སི་ཐན་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༣༦༣་ཡོད་པ་དང་མི་༣་ལ་འཆི་སྐྱོན། ཨུ་ཛི་བྷེ་ཀི་སི་ཐན་ལ་ནད་པ་༡༧༣་དང་མི་༢་ལ་འཆི་སྐྱོན། ཀིར་ཀི་སི་ཐན་ལ་ནད་པ་༡༠༧་ཡོད་པའི་གནས་ཚུལ་ཐོན། ཇིཀ་སི་ཐན་ལའང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མེད་ཀྱང་ཉེ་ཆར་རྒྱལ་ཁབ་དེའི་སྤྱི་དམངས་༤༠༠༠་ལྷག་ཕྱི་རྒྱལ་ནས་རང་ཡུལ་ལ་ཕྱིར་ལོག་བྱས་པ་རྣམས་ཟུར་འགོག་བྱས་འདུག

ཕྱི་ཟླ་༤་པའི་ཚེས་༡་གི་སྔ་དྲོ་བར་དུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གིས་མི་༣༨༨༨ལ་འཆི་སྐྱོན་དང་མི་༡༨༦༩༩༡་ལནད་དུག་འགོས། སྲིད་འཛིན་ཌོ་ནལ་ཊམ་གྱི་ཏོག་ནད་སྔོན་འགོག་ལས་དོན་ཚོགས་ཆུང་གི་ཆེད་ལས་མཁས་པ་ཚོསཨ་མི་རི་ཀ་བ་རྣམས་ཉུང་མཐར་ཡང་ཕྱི་ཟླ་༤་པའི་ཟླ་མཇུག་བར་དུ་རང་ཁྱིམ་ལ་འཛུལ་དགོས་པའི་ཐག་གཅོད་ཟིན། ད་ལྟ་ཨ་མི་རི་ཀ་བ་རྣམས་ཕྱི་ལ་འབུད་སྐབས་ཁ་ས་གྱོན་དགོས་པའི་བཀོད་འདོམས་བྱ་འཆར་ཡོད་པའི་བསམ་གཞིགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ད་ལྟའི་བར་དུ་སྲིད་འཛིན་ཌོ་ནལ་ཊམ་དང་ཨ་རིའི་འཕྲོད་བསྟེན་ལས་སྣེ་ཚོས་མང་ཚོགས་ཀྱིས་ཁ་རས་གྱོན་མི་དགོས། ཁ་རས་རྣམས་སྨན་པ་དང་སྨན་ཞབས་པ་སོགས་འཕྲོད་བསྟེན་ལས་སྣེ་ཚོར་དགོས་ངེས་ཤིག་ཡིན་པ་ལས་སྤྱི་དམངས་ལ་དགོས་ངེས་མིན་ཞེས་བསྒྲགས། ཡིན་ནའང་ད་ལྟ་ཨ་མི་རི་ཀའིསྤྱི་དམངས་ལའང་ཁ་རས་གྱོན་དགོས་པའི་བཀོད་འདོམས་བྱ་འཆར་ཡོད་པ་ནི་ཏོག་དབྱིབས་རིམས་ནད་ཀྱི་ཉེན་ཚབས་ཆེ་རུ་འགྲོ་བཞིན་པ་ཞིག་མཚོན་ཐུབ། ཨ་རིའི་ནེའུ་ཡོཀ་དང་ནེའུ་འཇར་སི། ཁེ་ནེ་ཊི་ཀེ་ཊི་མངའ་སྡེ་གསུམ་ལ་ཉི་མ་གཅིག་གི་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༠༠༠་ལྷག་བྱུང་། གོང་འཁོད་ས་གནས་གསུམ་ལ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༠༠༠༠༠་ལྷག་ཡོད་འདུག ཡིན་ནའང་མདང་དགོང་ནས་ཨ་རིའི་ཌི་ཊི་རོ་ཡེ་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཛ་དྲག་ནེའུ་ཡོཀ་གྲོང་ཁྱེར་ལས་ཀྱང་ཚབས་ཆེན་ཞིག་ཏུ་འགྱུར་གྱི་ཡོད་པའི་རྣམ་པ་ཐོན་འདུག ཨ་རིའི་ཏོག་དབྱིབས་ནད་དུག་གི་ནད་པ་ཕྱེད་ཀ་ཙམ་ནེའུ་ཡོཀ་མངའ་སྡེ་སོགས་ན་ཡོད་པས་ཨ་རིའི་མཚོ་དམག་གི་གྲུ་གཟིངས་སྨན་ཁང་དང་རྒྱལ་ཡོངས་ཡུལ་སྲུང་དམག སྨན་པ་དང་སྨན་ཞབས་པ་༢༥༠༠་ལྷག་དང་ཨ་རི་རྒྱལ་ཡོངས་ཀྱི་སྨན་ཁང་གི་རླངས་འཁོར་༢༥༠་ལྷག་གིས་ནེའུ་ཡོཀ་མངའ་ཁུལ་དུ་ནད་པར་སྨན་བཅོས་བྱེད་ཀྱི་ཡོད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གིས་མི་༡༠༠༠༠༠་ནས་མི་༢༤༠༠༠་ཡས་མས་ཤིག་ལ་འཆི་སྐྱོན་འབྱུང་སྲིད་ཅེས་ཉེན་བརྡ་བཏང་འདུག

ཡུ་རོབ་རྒྱལ་ཁབ་སི་པེན་ལ་གཟའ་ལྷག་པ་བར་དུ་ཏོག་དབྱིབས་ནད་དུག་གིས་མི་༩༠༥༣་ལ་འཆི་སྐྱོན་དང་མི་༡༠༠༠༠༠་ལྷག་ལ་ནད་དུག་འགོས། སི་པེན་རྒྱལ་ཡོངས་སུ་འགྲོ་འོང་བཀག་སྡོམ་བྱས་ནས་ཉི་མ་༡༨་འགྲོ་བཞིན་ཡོད་ཀྱང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་དཀའ་ངལ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། སི་པེན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་ནད་པ་ཉེན་སྐྱོབ་བྱ་དགོས་ཞེས་འབོད་འགུགས་བྱ་རྒྱུ་ཇེ་མང་དུ་འགྲོ་བཞིན་འདུག ང་ཚོར་ནད་པ་ཉེན་སྐྱོབ་པ་འདང་ངེས་ཤིག་ཡོད་པའང་དགའ་འོས་པ་ཞིག་རེདསྲིད་གཞུང་གིས་ཁ་པར་གྱི་ལམ་ནས་མི་དམངས་ལ་ནད་འགོག་ལམ་སྟོན་བྱ་རྒྱུ་བརྒྱ་ཆ་༢༧༠་ལྷག་མང་དུ་ཕྱིན་སོང་ཞེས་བཤད། ཕྱི་ཟླ་༤་པའི་ཚེས་༡་བར་དུ་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིར་མི་༡༢༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བ་དང་མི་༡༠༡༧༣༩་ལྷག་ནད་དུག་འགོས་འདུག འོན་ཀྱང་དེ་རིང་གཟའ་ལྷག་པ་ནས་ཨི་ཊི་ལིར་ཉིན་ལྟར་ནད་པ་གསར་པ་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ཇེ་མང་དུ་འགྲོ་རྒྱུ་མཚམས་ཆད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཁ་སྔོན་ཕྱི་ཟླ་༣་པའི་ཚེས་༧་ནས་ཨི་ཊི་ལིའི་གཞུང་གིས་མི་དམངས་ལ་འགྲོ་འོང་བཀག་སྡོམ་གྱི་ཁྲིམས་ཤིག་ལག་ལེན་བསྟར། ཨི་ཊི་ལི་རྒྱལ་ཡོངས་སུ་ཕྱི་ཟླ་༤་པའི་ཚེས་༣༠་བར་དུ་འགྲོ་འོང་བཀག་སྡོམ་རྒྱུན་འཁྱོངས་བྱ་རྒྱུ་དང་རྒྱལ་ཁབ་དེའི་སྲིད་གཞུང་གིས་ཡུ་སྒོར་ཐེར་འབུམ་༢༥་འགྲོ་གྲོན་བཏང་ནས་དཔལ་འབྱོར་སླར་གསོ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། ཉམས་ཞིབ་པ་ཁག་ཅིག་གིས་ཏོག་དབྱིབས་རིམས་ནད་ཀྱིས་ཨི་ཊི་ལིའི་དཔལ་འབྱོར་ལ་གྱོང་གུད་ཚབས་ཆེན་ཞིག་ཐེབས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

གཟའ་ལྷག་པའི་ཉིན་ཐེ་ཝན་གཞུང་གིས་ཁ་རས་ས་ཡ་༡༠་ཐམ་པ་ཏོག་དབྱིབས་ནད་དུག་གིས་གནོད་འཚེ་ཚབས་ཆེན་ཕོག་ཡུལ་རྒྱལ་ཁབ་ཁག་ལ་ཞལ་འདེབས་སྤྲད་ཡོད་པ་ཡིན་ཞེས་བསྒྲགས་ཡོད་པ་སྟེ། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ང་ཚོས་འདས་པའི་ཟླ་ཤས་རིང་དེར་འཛམ་གླིང་ཡོངས་སུ་སྨན་པ་དང་སྨན་ཞབས་པ་སོགས་ཀྱིས་དཔའ་མཛངས་ལྡན་པའི་སྒོ་ནས་རང་ཉིད་བློས་གཏོང་དང་རིམས་ནད་ཁྱབ་སྔོན་འགོག་ལ་འཐབ་རྩོད་བྱེད་ཀྱི་ཡོད་པ་གྲངས་ལས་འདས་པ་ཞིག་མཐོས་ཐོས་བྱུང་སོང་། ང་ཚོ་སའི་གོ་ལའི་སྟེང་གི་སྤྱི་དམངས་ཤིག་ཡིན་པའི་ཆ་ནས་རྒྱལ་ཁབ་གཞན་ལ་རྒྱབ་སྐྱོར་དང་རོགས་རམ་བྱ་དགོས་པའི་ལས་འགན་ཡོད་ཅེས་བཤད ཁ་སང་གཟའ་མིག་དམར་ཉིན་ཐེ་ཝན་གྱི་དཔལ་འབྱོར་ལྷན་ཁང་གིས་ཉིན་ལྟར་ཁ་རས་ས་ཡ་༡༣་རེ་བཟོ་འཚེམ་བྱེད་བཞིན་ཡོད། འདི་ནི་ཟླ་བ་གཅིག་གི་སྔོན་དང་བསྡུར་ན་ཁ་རས་བཟོ་འཚེམ་བྱ་རྒྱུ་ལྡབ་བཞི་མང་དུ་ཕྱིན་འདུག ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་འདྲ་བར་ཐེ་ཝན་གཞུང་གིས་མི་དམངས་ལ་མི་ཚོགས་ཁྲོད་དུ་ཁ་རས་གྱོན་དགོས་པའི་ལམ་སྟོན་བྱས་ཤིང་། གཟའ་ལྷག་པ་ནས་ཐེ་ཝན་གྱི་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་ནང་གི་འགྲུལ་པ་ཚོས་ཀྱང་ཁ་རས་གྱོན་དགོས་པའི་སྒྲིག་ཁྲིམས་ལག་ལེན་བསྟར་འདུག འདི་ཙམ་ན་གཟའ་ལྷག་པའི་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༣༦་བྱུང་ཡོད། ནད་རྟགས་མི་གཅིག་པའི་མི་༡༣༦་ལ་བརྟག་དཔྱད་བྱས་པ་དེ་དག་ལའང་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་སོང་། མི་༡༣༦༧་ལ་ཏོག་དབྱིབས་ནད་དུག་འགོས་ཀྱང་ནད་རྟགས་འཐོན་གྱི་འདུག་ཅེས་གནས་ཚུལ་སྤེལ། ན་ནིང་ཕྱི་ཟླ་༡༢་པར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སོང་ནས་བཟུང་། ད་ལྟའི་བར་དུ་འཛམ་གླིང་ཡོངས་སུ་མི་༤༤༡༥༦ལ་འཆི་སྐྱོན་དང་མི་༨༨༣༢༥༥་ལ་ནད་དུག་འགོས་ཡོད་པ་རེད།།

XS
SM
MD
LG