ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཌོ་ནལ་ཊམ་ལ་ནག་ཉེས་མེད་པའི་ཐག་གཅོད།


༄༅།། སྔ་ལོའི་ཕྱི་ཟླ་༩་པ་ནས་ཨ་རིའི་གྲོས་ཚོགས་འོག་མས་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཀོལ་སྤྱོད་ལོག་པ་བཏང་ཡོད་པ་དང་གྲོས་ཚོགས་ཀྱི་ཞིབ་འཇུག་ལས་དོན་ལ་འགོག་རྐྱེན་བརྒྱབ་སོང་ཞེས་ནག་ཉེས་དོན་ཚན་གཉིས་བཙུགས། མཐར་ཕྱི་ཟླ་༢་ཚེས་ལྔའི་ཕྱི་དྲོར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་ནག་ཉེས་ཡོད་མེད་འོས་ཤོག་འཕངས་ནས་ཁྲིམས་ཐག་བཅད། གྲོས་ཚོགས་གོང་མའི་འཐུས་མི་༤༨་ཀྱིས་སྲིད་འཛིན་ཌོ་ནལ་ཊམ་ལ་སྲིད་དབང་བཀོལ་སྤྱོད་ལོག་པ་བཏང་ཡོད་པའི་ནག་ཉེས་འདུག་ཅེས་འོས་ཤོག་འཕངས། འཐུས་མི་༥༢་ཀྱིས་སྲིད་དབང་བཀོལ་ལོག་པ་བཏང་བའི་ནག་ཉེས་མི་འདུག་ཅེས་འོས་ཤོག་འཕངས། ཉེས་འཛུགས་དོན་ཚན་གཉིས་པ་གྲོས་ཚོགས་ཀྱི་ཞིབ་འཇུག་ལས་དོན་ལ་འགོག་རྐྱེན་བརྒྱབ་ཡོད་མེད་དེར་འཐུས་མི་ཚོས་༤༧་ཀྱིས་ནག་ཉེས་ཡོད་པའི་འོས་ཤོག་འཕངས་པ་དང་འཐུས་མི་༥༣་ཀྱིས་ནག་ཉེས་མེད་པའི་འོས་ཤོག་འཕངས།

ཐེངས་འདིར་ཡུ་ཊ་མངའ་སྡེའི་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་མཱི་ཊི་རོམ་ནེས་རང་གི་སྲིད་དོན་ཚོགས་པའི་ལངས་ཕྱོགས་དོར། ཁོང་གིས་ཉེས་འཛུགས་དོན་ཚན་དང་པོ་སྟེ། སྲིད་འཛིན་ཌོ་ནལ་ཊམ་ལ་སྲིད་དབང་བཀོལ་སྤྱོད་ལོག་པ་བཏང་བའི་ནག་ཉེས་འདུག་ཅེས་འོས་ཤོག་འཕངས་པ་ནི་ཨ་མི་རི་ཀའི་ལོ་རྒྱུས་སུ་བྱུང་མྱོང་མེད་པ་ཞིག་ཡིན། སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་ལ་ཉེས་འཛུགས་ཁྲིམས་བཤེར་བྱས་པ་ནི་སྲིད་དོན་ཚོགས་པའི་འཐེན་འཁྱེར་འབའ་ཞིག་གི་ཐོག་ཏུ་བྱུང་བ་ཞིག་ཡིན་པས་སྤྱི་མཐུན་ཚོགས་པའི་འཐུས་མི་ཡོད་དོ་ཅོག་གིས་ཉེས་འཛུགས་དོན་ཚན་གཉིས་ཀའི་ཐོག་ཏུ་སྲིད་འཛིན་ལ་ནག་ཉེས་མེད་པའི་འོས་ཤོག་འཕེན་རྒྱུ། དམངས་གཙོ་ཚོགས་པའི་འཐུས་མི་ཀུན་པོས་ཉེས་འཛུགས་དོན་ཚན་གཉིས་ཀའི་ཐོག་ཏུ་སྲིད་འཛིན་ལ་ནག་ཉེས་ཡོད་པའི་འོས་ཤོག་འཕེན་སྲིད་པའི་ཚོད་དཔག་བྱས་པ་ལྟར་བྱུང་མེད་པ་རེད།

ཨ་རིའི་གྲོས་ཚོགས་གོང་མར་འཐུས་མི་༡༠༠་ཡོད་པ་དེའི་ཁོངས་སུ་སྤྱི་མཐུན་ཚོགས་པར་འཐུས་མི་༥༣་གྱི་གདན་ཐོབ་དང་དམངས་གཙོ་ཚོགས་པར་འཐུས་མི་༤༧་གྱི་གདན་ཐོབ་ཡོད། གལ་སྲིད་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་༦༠་ཐམ་པས་སྲིད་འཛིན་ལ་ཉེས་འཛུགས་དོན་ཚན་གཉིས་ཀའི་ཐོག་ཏུ་ནག་ཉེས་ཡོད་པའི་འོས་ཤོག་འཕངས་ན་སྲིད་འཛིན་གནས་དབྱུང་གཏོང་དགོས། ཁ་སང་གི་ཐག་གཅོད་དེས་སྲིད་འཛིན་ཌོ་ནལ་ཊམ་ཨ་མི་རི་ཀའི་ལོ་རྒྱུས་སུ་གྲོས་ཚོགས་འོག་མས་ཉེས་འཛུགས་བྱས་ཀྱང་གྲོང་ཚོགས་གོང་མས་ནག་ཉེས་མེད་པའི་ཐག་གཅོད་བྱས་པའི་སྲིད་འཛིན་གསུམ་དེར་གྱུར། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སཱུ་སན་ཀོ་ལིན་སི་དང་ལཱ་མར་ཨ་ལིཀ་ཟན་ཌར་སོགས་འཐུས་མི་འགའ་ཞིག་ལ་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཀོལ་སྤྱོད་ལོག་པ་བཏང་ཡོད་པའི་ལྟ་ཚུལ་གཅིག་མཚུངས་ཡོད་མོད། འོན་ཀྱང་ཁོ་ཚོས་སྲིད་འཛིན་ཌོ་ནལ་ཊམ་གནས་དབྱུང་གཏོང་དགོས་པའི་ནག་ཉེས་ཚབས་ཆེན་ཞིག་བསགས་མི་འདུག ད་ཐེངས་ཀྱི་ཉེས་འཛུགས་ཞིབ་འཇུག་རྗེས་སུ་སྲིད་འཛིན་ཌོ་ནལ་ཊམ་ལའང་ཉམས་མྱོང་ཞིག་ཐོབ་ཡོད་ཤས་ཆེ་ཞེས་འོས་ཤོག་འཕངས

ཡུ་ཊ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་མཱི་ཊི་རོམ་ནེས་འོས་ཤོག་མ་འཕངས་གོང་དེར་གཏམ་བཤད་བྱས་དོན། ངས་རང་གི་སྲིད་ཚོགས་པའི་འགོ་ཁྲིད་ལ་ནག་ཉེས་ཡོད་པའི་འོས་ཤོག་འཕེན་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་འདུག འི་རྒྱབ་སྐྱོར་པ་དང་ང་ལ་འོས་ཤོག་འཕེན་མཁན་ཡུ་ཊ་མངའ་སྡེའི་མི་མང་ཕོན་ཆེན་ལ་ཕོག་ཐུག་འགྲོ་ངེས་རེད། ཡིན་ནའང་ངས་དཀོན་མཆོག་གི་དྲུང་དུ་ཨ་མི་རི་ཀའི་རྩ་ཁྲིམས་ལ་གོང་བཀུར་དང་རྩ་ཁྲིམས་ཀྱི་དགོངས་དོན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག་ཡོད། རྒྱུ་མཚན་དེ་ལ་བརྟེན་ངས་སྲིད་འཛིན་ཌོ་ནལ་ཊམ་ལ་སྲིད་དབང་བཀོལ་སྤྱོད་ལོག་པ་བཏང་ཡོད་པའི་ནག་ཉེས་ཡོད་པའི་འོས་ཤོག་འཕེན་རྒྱུ་ཡིན་ཞེས་བཤད། འོན་ཀྱང་སྐུ་ཞབས་རོམ་ནེས སྲིད་འཛིན་ཌོ་ནལ་ཊམ་གྱིས་གྲོས་ཚོགས་ཀྱི་ཞིབ་འཇུག་ལས་དོན་ལ་འགོག་རྐྱེན་བརྒྱབ་པའི་ཉེས་འཛུགས་ལ་ནག་ཉེས་མེད་པའིའོས་ཤོག་འཕངས་ཡོད་པ་རེད། སྲིད་འཛིན་ཌོ་ནལ་ཊམ་གྱི་ཉེས་འཛུགས་ཁྲིམས་བཤེར་མཇུག་བསྒྲིལ་དུས་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཚོར་གཅིག་མཚུངས་ཀྱི་ལྟ་ཚུལ་ཞིག་བྱུང་ཡོད། དེ་ནི་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་འདི་ཉེན་ཚབས་ཆེ་བའི་སྲིད་དོན་ཚོགས་པའི་ལངས་ཕྱོགས་ཀྱི་ཤུགས་རྐྱེན་འོག་ཏུ་ཚུད་པའི་དུས་སྐབས་ཤིག་ལ་སླེབས་ཡོད་པ་ངོས་ཟིན་འདུག

སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་སྲིད་འཛིན་ལ་ཉེས་འཛུགས་ཁྲིམས་བཤེར་བྱས་པ་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་མིན་པར་འོས་འདེམས་ཀྱི་ལོ་འདིར་དམངས་གཙོ་ཚོགས་པས་རང་གི་ཁེ་ཕན་དོན་དུ་སྲིད་འཛིན་ཌོ་ནལ་ཊམ་ལ་ཉེས་འཛུགས་ཞིབ་འཇུག་བྱས་པ་ཞིག་རེད་ཅེས་སྐྱོན་བཙུགས། དམངས་གཙོ་ཚོགས་པའི་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ཁྲིམས་འགལ་དང་གཡོ་ཁྲམ་བྱས་སོང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་རང་ལ་རྩ་ཁྲིམས་ཀྱི་དགོངས་དོན་ལ་སྲུང་སྐྱོབ་བྱ་དགོས་པའི་ལས་འགུལ་ཡོད་པར་གཡོལ་གཟུར་བྱས་ཡོད་པར་མ་ཟད། ཁོ་ཚོས་རང་ཉིད་གྲོས་ཚོགས་འཐུས་མིར་བསྐྱར་དུ་འདེམས་ཐོན་ཡོང་རྒྱུའི་ཆེད་དུ་སྲིད་འཛིན་ཌོ་ནལ་ཊམ་གྱི་ནག་ཉེས་རྣམས་འགེབསཀྱི་འདུག་ཅེས་སྐྱོན་བཙུགས། ཨ་རིའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་སྲིད་དོན་ཚོགས་པའི་ལངས་ཕྱོགས་བརྩད་ནས་གཞུང་འཛིན་ལྷན་ཁང་དང་རྒྱལ་ཡོངས་གྲོས་ཚོགས། ཆེས་མཐོའི་ཁྲིམས་ཁང་བཅས་ཨ་མི་རི་ཀའི་དམངས་གཙོའི་ཀ་བ་གསུམ་གྱི་ནུས་པ་གཅིག་ཏུ་སྤུངས་ཐུབ་ཀྱི་མེད་པའི་གླེང་སློང་བྱེད་ཀྱི་ཡོད་པ་རེད།

ད་ལྟ་ཨ་རིའི་གྲོས་ཚོགས་ཀྱིས་བསྐྱར་དུ་སྲིད་འཛིན་ཌོ་ནལ་ཊམ་ལ་ཉེས་འཛུགས་ཞིབ་འཇུག་གི་ལས་དོན་ཁག་འགོ་འཛུགས་བྱ་རྒྱུ་མེད་ཀྱང་གྲོས་ཚོགས་འོག་མས་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཟུར་པ་ཇཱོན་བྷོལ་ཊོན་དང་། ད་དུང་དེ་མིན་གྱི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཁག་གྲོས་ཚོགས་སུ་འབོད་འགུགས་བྱེད་ཆོག ཉམས་ཞིབ་པ་ཁག་ཅིག་གིས་ཇཱོན་བྷོལ་ཊོན་སོགས་ལ་སྐད་ཆ་དྲིས་ན་ད་སྔ་ཕྱིར་བསྒྲགས་མ་བྱུང་བའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ནག་ཉེས་མང་པོ་ཞིག་ཐེར་འདོན་བྱ་རྒྱུ་ཡོད་སྲིད། དམངས་གཙོ་ཚོགས་པས་རྒྱལ་ཡོངས་བརྙན་འཕྲིན་ནང་དུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྲིམས་འགལ་དང་གཡོ་ཁྲམ་བྱས་ཡོད་པའི་ནག་ཉེས་རྣམས་མི་དམངས་ལ་སྒྲོགས་སྲིད། ལྷག་པར་དུ་ལོ་འདིའི་ཕྱི་ཟླ་༡༡་པའི་འོས་འདེམས་དུས་སུ་དམངས་གཙོ་ཚོགས་པས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྲིམས་འགལ་དང་གཡོ་ཁྲམ་བྱས་ཡོད་པ་རྣམས་ཐེར་འདོན། ད་དུང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོསསྲིད་འཛིན་ཉེས་ཅན་ཞིག་ལ་སྲུང་སྐྱོབ་བྱས་པ་རེད་ཅེས་ནག་ཉེས་བགྲངས་ནས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུ། སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་ལ་ནག་ཉེས་མེད་པ་གྲོས་ཚོགས་ཀྱི་ཐག་གཅོད་བྱས་སོང་ཞེས་དྲིལ་བསྒྲགས་བྱ་རྒྱུ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་སྲུང་སྐྱོབ་བྱས་པ་ཡིན་ཞེས་རང་རང་གི་བྱས་རྗེས་བགྲངས་ནས་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཐབས་བྱ་རྒྱུ་བརྗོད་མི་དགོས་ཤིང་། མདོར་ན་སྲིད་འཛིན་ཌོ་ནལ་ཊམ་ལ་ཨ་རིའི་གྲོས་ཚོགས་ཀྱིས་ཉེས་འཛུགས་ཞིབ་འཇུག་དང་ཁྲིམས་བཤེར་དྲང་སྙོམས་ཤིག་བྱས་ཡོད་མེད་ནི་ལོ་འདིའི་སྤྱི་དམངས་འོས་འདེམས་སྐབས་སུ་ཨ་མི་རི་ཀའི་མི་དམངས་ཀྱིས་ཐག་གཅོད་བྱ་རྒྱུ་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱས་འདུག

XS
SM
MD
LG