ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

སྲིད་འཛིན་ལ་ཉེས་འཛུགས་ཁྲིམས་བཤེར་དང་དེའི་ཤུགས་རྐྱེན།


impeachment
impeachment

༄༅།། དེ་རིང་གཟའ་པ་སངས་ཡས་མས་སུ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྲིམས་འགལ་བྱས་པ་དང་གཡོ་ཁྲམ་བྱས་པའི་ནག་ཉེས་ཐོག་ཏུ་གནས་དབྱུང་གཏོང་དགོས་མིན་ལ་འོས་ཤོག་འཕངས་ནས་ཐག་གཅོད་བྱ་རྒྱུ། རྒྱལ་ཁབ་འདིར་ཆབ་སྲིད་ཀྱི་འཐབ་རྩོད་ཆེན་པོ་ཞིག་ལངས་ཡོད་པ་མཇུག་བསྒྲིལ་ཐུབ་པའི་རེ་བ་ཡོད་སྲིད།

༄༅།། དེ་རིང་གཟའ་པ་སངས་ཡས་མས་སུ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྲིམས་འགལ་བྱས་པ་དང་གཡོ་ཁྲམ་བྱས་པའི་ནག་ཉེས་ཐོག་ཏུ་གནས་དབྱུང་གཏོང་དགོས་མིན་ལ་འོས་ཤོག་འཕངས་ནས་ཐག་གཅོད་བྱ་རྒྱུ། རྒྱལ་ཁབ་འདིར་ཆབ་སྲིད་ཀྱི་འཐབ་རྩོད་ཆེན་པོ་ཞིག་ལངས་ཡོད་པ་མཇུག་བསྒྲིལ་ཐུབ་པའི་རེ་བ་ཡོད་སྲིད། ཡིན་ནའང་ཌོ་ནལ་ཊམ་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་ནས་བཟུང་སྟེ་ཨ་མི་རི་ཀའི་མི་དམངས་དང་སྲིད་དོན་ཚོགས་པ་རྣམས་ཤོག་ཁག་གཉིས་སུ་གྱུར་ནས་སྲིད་འཛིན་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་ཡོད་པ་རྣམས་མེད་པར་འགྱུར་ཐུབ་རྒྱུ་ཁག་པོ་ཡིན་ཞིང་། ཟླ་བ་བཞིའི་གོང་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཉེས་འཛུགས་ཞིབ་འཇུག་བྱ་དགོས་པའི་བཀའ་བཏང་ནས་བཟུང་། སྲིད་འཛིན་ཌོ་ནལ་ཊམ་ཨ་ལོའི་ལོ་རྒྱུས་སུ་གྲོས་ཚོགས་འོག་མས་ཉེ་འཛུགས་ཞིབ་འཇུག་བྱས་པ་དང་གྲོས་ཚོགས་གོང་མས་གནས་དབྱུང་མ་བཏང་བའི་སྲིད་འཛིན་གསུམ་པ་དེར་འགྱུར་གྱི་ཡོད་པ་རེད།

སྲིད་འཛིན་ཌོ་ནལ་ཊམ་གྱི་རང་གཤིས་དང་ལོ་རྗེས་མའི་སྲིད་འཛིན་འོས་འདེམས་ལ་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་འཐབ་རྩོད་དྲག་པོ་བྱེད་ཀྱི་ཡོད་པ་བཅས་ལ་གཞིགས་ཚེ། ད་ལྟའི་དུས་འདིར་དུས་སྔོན་མའི་ལོ་རབས་༧༠་པའི་ནང་དུ་སྐབས་དེའི་ཨ་རིའི་སྲིད་འཛིན་རི་ཆར་ཌི་ནིཀ་སིན་གྱིས་རང་གི་ལས་གནས་ནས་གནང་བ་ཞུས། ཁོང་གི་རྗེས་འཛིན་པ་སྲིད་འཛིན་ཧྥོར་ཌིས་ང་ཚོའི་རྒྱལ་ཁབ་འདིར་ཆབ་སྲིད་ཀྱི་གྲིབ་གནོན་ལྟ་བུ་ཞིག་ཕོག་ནས་འགལ་ཟལ་ཆེན་པོ་བྱུང་བ་མཇུག་བསྒྲིལ་པ་ཡིན། ད་ནི་རྒྱལ་ཁབ་འདི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་དགོས་པའི་དུས་ལ་བབ་ཡོད་ཅེས་ཨ་རིའི་གྲོས་ཚོགས་དང་སྲིད་དོན་ཚོགས་པ་ཁག རྒྱལ་ཡོངས་མི་དམངས་རྣམས་མཐུན་སྒྲིལ་རྡོག་རྡ་གཅིག་སྒྲིལ་གྱི་ཕྱོགས་སུ་བློ་ཁ་སྒྱུར་ཐབས་བྱས་པའི་མི་དེ་འདྲ་མི་ཞིག་དཀོན་པར་སྣང་། སྲིད་འཛིན་ཌོན་ནལ་ཊམ་གྱིས་དབང་ཆ་བཀོལ་སྤྱོད་ལོག་པ་བྱས་པ་དང་ཕྱིའི་རྒྱལ་ཁབ་ཅིག་ལ་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱ་དགོས་པའི་གནོན་ཤུགས་སྤྲད་ཡོད་པའི་རྟགས་མཚན་གསལ་བོ་ཡོད་ཀྱང་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་སྲིད་འཛིན་གནས་དབྱུང་གཏོང་དགོས་པའི་འོས་ཤོག་འཕེན་རྒྱུའི་རྟགས་མཚན་མེད། སྲིད་འཛིན་ཌོ་ནལ་ཊམ་ཡང་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་སྲོལ་ཁག་ལ་བརྩི་མེད་བྱས་ཀྱང་ཉེས་ཆད་མེད་པར་ཐར་གྱི་འདུག་སྙམ་པའི་གདེང་ཚོད་ཆེ་རུ་འགྲོ་སྲིད་ཅེས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་འགེབས་སྲུང་བྱས་ནས་ཁྲིམས་ལ་སྦྱོར་མ་ཐུབ་ཀྱང་གྲོས་ཚོགས་གོང་མའི་ཁྲིམས་བཤེར་འདི་ལོ་རྗེས་མའི་ཕྱི་ཟླ་༡༡་པར་ཨ་རི་མི་རི་ཀར་སྲིད་འཛིན་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་པར་འབྲེལ་བ་ཆགས་ཡོད་པ་སྟེ། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྲིམས་འགལ་བྱས་ཀྱང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་ཉེས་ཡངས་བཏང་སོང་སྙམ་པའི་ཨ་མི་རི་ཀ་བ་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱི་ཁ་གཏད་པ་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་འོས་ཤོག་འཕེན་རྒྱུ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པར་མ་ཟད། སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོའི་ལངས་ཕྱོགས་ལ་མོས་མཐུན་ཡོད་པའི་ཨ་མི་རི་ཀ་བ་ཚོས་ཀྱང་སྲིད་འཛིན་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་ཡོང་རྒྱུ་དེར་རྒྱབ་སྐྱོར་བྱས་ནས་འོས་ཤོག་འཕེན་རྒྱུ་ཤུགས་ཆེ་རུ་འགྲོ་སྲིད། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཕལ་མོ་ཆེས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྲིམས་འགལ་བྱས་ཡོད་པ་ཤེས་བཞིན་དུ་རང་ཉིད་བསྐྱར་དུ་གྲོས་ཚོགས་འཐུས་མིར་འདེམས་ཐོན་ཡོང་ཐབས་སུ་སྲིད་འཛིན་ཌོ་ནལ་ཊམ་ལ་ཕོག་ཐུག་གཏོང་ཕོད་ཀྱི་མེད་ཅིང་། ལྷག་པར་དུ་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་བའི་སྟོབས་ཤུགས་ཆེན་པོ་ཡོད་པའི་མངའ་སྡེ་ཁག་གི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ལོ་རྗེས་མར་བསྐྱར་དུ་འདེམས་ཐོན་ཡོང་ཐུབ་རྒྱུ་ཡིན་མིན་ལ་ཉེན་ཀ་ཆེན་པོ་ཡོད་པ་རེད།

དམངས་གཙོ་ཚོགས་པའི་འགོ་ཁྲིད་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱིས་དབང་ཆ་བཀོལ་སྤྱོད་ལོག་པ་བཏང་བ་དེར་ཨ་རིའི་གྲོང་ཁྱེར་ཁག་དང་གྲོལ་རྡལ་ཁག་གི་མང་ཚོགས་ཀྱིས་ངོ་རྒོལ་བྱས་ནས་ལོ་རྗེས་མའི་འོས་འདེམས་དུས་སུ་དམངས་གཙོ་ཚོགས་པར་རྒྱབ་སྐྱོར་གྱི་འོས་ཤོག་འཕེན་སྲིད་པའི་རྩིས་རྒྱག་གི་ཡོད་ཀྱང་ཨ་རིའི་ཞིང་འབྲོག་ས་ཁུལ་ཁག་ཏུ་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་གྱི་སྟོབས་ཤུགས་ཆེན་པོ་ཡོད་པ་དེར་སྔར་ལས་ལྷག་པའི་ངར་ཤུགས་སློང་སྲིད་པའི་འཇིགས་སྣང་ཆེ། གལ་སྲིད་གཟའ་འཁོར་འདིར་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་ཉེས་ཡངས་སུ་བཏང་ན་ཨ་མི་རི་ཀའི་སྲིད་འཛིན་གྱི་དབང་ཚད་ལ་ཚོད་འཛིན་མེད་པའི་ལམ་སྲོལ་ཞིག་གསར་གཏོད་བྱ་རྒྱུ། འདས་པའི་ལོ་༢༠༠་ལྷག་གི་རིང་ལ་ཨ་མི་རི་ཀའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་མིག་དཔེ་ངན་པ་འགོ་འཛུགས་བྱེད་དུ་བཅུག་པར་གྱུར་སྲིད། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་དཔང་པོ་གསར་པ་འབོད་འགུགས་དང་བདེན་དཔང་གི་ཡིག་ཆ་གསར་པ་མཁོ་སྒྲུབ་བྱ་དགོས་ཟེར་གྱི་ཡོད་པར་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མོས་མཐུན་བྱས་ཚེ། སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱལ་སྲུང་སློབ་སྟོན་པ་ཟུར་པ་ཇཱོན་བྷོལ་ཊོན་སོགས་ཀྱིས་བྲིས་པའི་དཔེ་དེབ་གསར་པར་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་ཆབ་སྲིད་ཀྱི་ཁེ་ཕན་དང་ལོ་རྗེས་མའི་འོས་འདེམས་ལ་དམིགས་ནས་ཡུཀ་རེན་གྱི་སྲིད་འཛིན་ལ་ཨ་རིའི་སྲིད་འཛིན་ཟུར་པ་ཇཱོ་བྷ་ཌན་ཕ་བུ་གཉིས་ལ་ཞིབ་འཇུག་བྱ་དགོས། ཡུཀ་རེན་གྱིས་བྷ་ཌན་ཕ་བུ་གཉིས་ལ་ཞིབ་འཇུག་མ་བྱས་ནས་ཨ་མི་རི་ཀས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༤་ཡས་མས་ཤིག་དམག་དོན་རོགས་རམ་སྤྲོད་ཀྱི་ཡོད་པ་འགོག་རྒྱུ་ཡིན་ཞེས་གནོན་ཤུགས་སྤྲད་ཡོད་པ་གསལ་པོ་བཀོད་ཡོད་པར་གླེང་སློང་བྱེད་ཐུབ། དམངས་གཙོ་ཚོགས་པས་ཇཱོན་བྷོལ་ཊོན་གྲོས་ཚོགས་གོང་མར་འབོད་འགུགས་བྱས་ནས་འདྲི་ཞིབ་བྱ་དགོས་ཟེར་གྱི་ཡོད་པ་རེད།

དེང་སྐབས་དམངས་གཙོ་ཚོགས་པར་ཨ་རིའི་གྲོས་ཚོགས་གོང་མར་འཐུས་མི་༤༧་ཡོད་པ་དང་གྲོས་ཚོགས་གོང་མས་དཔང་པོ་འབོད་འགུགས་དང་བདེན་དཔང་གི་ཡིག་ཆ་གསར་པ་མཁོ་སྒྲུབ་བྱེད་པར་ཉུང་མཐར་ཡང་སྤྱི་མཐུན་ཚོགས་པའི་འཐུས་མི་བཞིའི་རྒྱབ་སྐྱོར་འཐོབ་དགོས། དམངས་གཙོ་ཚོགས་པའི་འགོ་ཁྲིད་ཚོས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལཱ་མར་ཨ་ལིཀ་ཟན་ཌར་དང་སུ་སན་ཀོ་ལིན་སི། མཱི་ཊི་རོམ་ཎི། མཱར་ཀོ་སི་ཀི་སོགས་ལ་རེ་བ་འཆང་གི་ཡོད་ཀྱང་ལཱར་མར་ཨ་ལིཀ་ཟན་ཌན་གྱིས་དཔང་པོ་འབོད་འགུགས་དང་བདེན་དཔང་ཡིག་ཆ་གསར་པ་མཁོ་སྒྲུབ་བྱ་རྒྱུ་དེར་མོས་མཐུན་མེད་པའི་འོས་ཤོག་འཕེན་རྒྱུ་ཡིན་ཞེས་བསྒྲགས། དམངས་གཙོ་ཚོགས་པས་དཔང་པོ་འབོད་འགུགས་དང་བདེན་དཔང་གི་ཡིག་ཆ་གསར་པ་མཁོ་སྒྲུབ་བྱ་དགོས་པའི་དགོས་འདུན་བཏོན་པར་གྲོས་ཚོགས་གོང་མར་རྒྱབ་སྐྱོར་གྱི་འོས་ཤོག་མ་ཐོབ་ཀྱང་ཁྱད་པར་མེད། ཁོ་ཚོས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱི་ནག་ཉེས་བཀབ་ནས་དཔང་པོ་འབོད་འགུགས་དང་བདེན་དཔང་ཡིག་གསར་པ་མཁོ་སྒྲུབ་བྱེད་དུ་བཅུག་མ་སོང་། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཁྲིམས་བཤེར་དྲང་སྙོམས་ཤིག་བྱས་མ་སོང་ཞེས་ལོ་རྗེས་མར་འོས་འདེམས་ལས་འགུལ་གྱི་རྩ་དོན་ཞིག་ལ་བསྒྱུར་ནས་དྲིལ་བསྒྲགས་བྱེད་ཆོག གལ་སྲིད་སྤྱི་མཐུན་ཚོགས་པའི་འཐུས་མི་འགའ་ཞིག་གིས་དཔང་པོ་འབོད་འགུགས་དང་བདེན་དཔང་ཡིག་ཆ་གསར་པ་མཁོ་སྒྲུབ་བྱ་དགོས་པའི་འོས་ཤོག་འཕངས་ན་སྲིད་འཛིན་ཌོ་ནལ་ཊམ་ལ་ནག་ཉེས་ཡོད་པ་ཞིབ་ཅིང་ཕྲ་བ་རྣམས་རྒྱལ་ཡོངས་མི་དམངས་ཀྱི་མིག་མདུན་དུ་ཐེར་འདོན་བྱེད་ཐུབ་ཀྱི་ཡོད་པ་སྟེ། ཁ་སང་གཟའ་ཕུར་བུའི་དགོང་མོར་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་ཁྲིམས་བཤེར་མ་བྱས་པར་དཀར་འདོན་བྱ་ཐབས་བྲལ། དཔང་པོ་འབོད་འགུགས་དང་བདེན་དཔང་གི་ཡིག་ཆ་གསར་པ་མཁོ་སྒྲུབ་མ་པར་ཁྲིམས་བཤེར་དྲང་སྙོམས་ཤིག་བྱ་ཐབས་མེད་ཅེས་བཤད།

ད་ལྟ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཡུན་རིང་མི་འགོར་པར་དཔར་འགྲེམ་བྱ་འཆར་ཡོད་པའི་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཟུར་པ་ཇཱོན་བྷོལ་ཊོན་གྱི་དཔེ་དེབ་ནང་དུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྲིམས་འགལ་བྱས་ཡོད་པའི་ནག་ཉེས་ཚབས་ཆེན་འདྲ་འཐོན་རྒྱུ་མེད་པའི་རེ་བ་འཆང་དགོས། ཕྱིས་སུ་ཇཱོན་བྷོལ་ཊོན་གྱི་དཔེ་དེབ་ནང་དུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་པའི་ནག་ཉེས་རྣམས་ཐེར་འདོན་བྱུང་ན་ཨ་རིའི་ལོ་རྒྱུས་སུ་༢༠༢༠་ལོར་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་རང་གི་མིག་སྔའི་ཁེ་ཕན་དོན་དུ་ཉེས་ཅན་སྲིད་འཛིན་ཞིག་ལ་སྲུང་སྐྱོབ་བྱས་འདུག་ཅེས་ཨ་རིའི་ལོ་རྒྱུས་ནང་དུ་ནག་པོར་འགྱུར་སྲིད་པའི་ཉེན་ཁ་ཆེ། དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་བརྒྱ་ཆ་༨༩་ལྷག་གིས་སྲིད་འཛིན་ཌོ་ནལ་ཊམ་གནས་དབྱུང་གཏོང་དགོས་ཟེར་གྱི་ཡོད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གནས་དབྱུང་གཏོང་དགོས་ཞེས་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་པ་བརྒྱ་ཆ་༨་ལས་མེད། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕྱི་མི་གཞིས་ཆགས་པ་བཀག་སྡོམ་དང་ཕྱི་སྲིད། རྙིང་ཞེན་མཁྲེགས་འཛིན་ཅན་གྱི་ཁྲིམས་དཔོན་རྣམས་ཨ་རིའི་ཁྲིམས་ཁང་ཁག་ལ་བསྐོ་བཞག་བྱེད་ཀྱི་ཡོད་པ། ཁོང་གིས་མེ་མདའ་ཉོ་ཚོང་ལ་རྒྱབ་སྐྱོར་དང་བུད་མེད་ཀྱི་མངའ་ཆགས་པའི་ཕྲུ་གུ་ལེན་མི་ཆོག་པ་སོགས་རྙིང་ཞེན་གྱི་ལངས་ཕྱོགས་ཤིག་བཟུང་ཡོད་པས་ཨ་རིའི་སྤྱི་ཚོགས་སུ་སྲིད་འཛིན་ཌོ་ནལ་ཊམ་ལ་དགའ་མཁན་གྱི་རྒྱབ་སྐྱོར་པ་དང་མི་དགའ་མཁན་གྱི་ངོ་རྒོལ་བའི་ཤོག་གཉིས་ལ་འགལ་ཟླ་ཆེན་པོ་ཡོད་པ་དེ་སེལ་དཀའ་བ་ཞིག་ཏུ་གྱུར་འདུག

XS
SM
MD
LG