ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་པ་བཙན་བྱོལ་བ་ཚོར་འགོག་ཁབ་རྒྱག་འཆར་ཡོད་པ།


༄༅།། ཕྱི་ཟླ་དང་པོའི་ཚེས་༡༦་ཉིན་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་རྒྱག་འགོ་ཚུགས་རྒྱུ་ཡིན་ཞིང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་འབྲེལ་ཡོད་བོད་པའི་ས་གནས་ཁག་ལ་རྒྱ་གར་གྱི་ས་གནས་སོ་སོའི་འགོག་ཁབ་བགོ་འགྲེམ་ཚན་པ་ཁག་ལ་འབྲེལ་བ་ཞུ་དགོས་པའི་བཀོད་ཁྱབ་བཏང་ཟིན་འདུག གཟའ་ཕུར་བུའི་ཉིན་གྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་ལྷན་ཚོགས་ཐོག་ཏུ་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ཀྱིས་ས་གནས་ཁག་གི་འབྲེལ་ཡོད་ལས་སྣེ་ཚོས་ལས་དོན་འཐུས་ཤོར་མེད་པར་བསྒྲུབ་དགོས་ཞེས་ནན་སྐུལ་ཞུས་སོང་།།
འཕྲོདབསྟེན་དྲུང་ཆེ་ལས་འཕར་བྱམས་པ་ཕུན་ཚོགས་ཀྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྤྱི་ཚོགས་ཀྱི་བདེ་དོན་ཆེད་དུ་མི་ཚང་མས་འགོག་ཁབ་རྒྱག་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཞིག་ལ་རྩི་བཞིན་ཡོད། གལ་སྲིད་མི་ཁག་ཅིག་ལ་འགོག་ཁབ་རྒྱག་འདོད་མེད་ཚེ། རང་གི་བདེ་ཐང་ལ་ཅི་དགེ་སོ་སོ་རང་གིས་ཐག་གཅོད་བྱེད་ཆོག་པའི་རང་དབང་སྤྲད་ཡོད། འགོག་ཁབ་རྒྱག་འདོད་ཡོད་མཁན་ཚོས་རྒྱ་གར་གཞུང་ལ་སྔོན་ཚུད་ནས་ཐོ་འགོད་བྱས་ཏེ་གྲ་སྒྲིག་འཐུས་ཤོར་མེད་པ་ཞིག་བྱ་ཐུབ་དགོས། ཚང་མས་ནུས་པ་མཉམ་སྤུངས་བྱ་དགོས་ཞེས་ནན་བརྗོད་གནང་སོང་།

ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་དེའི་ནང་དུ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་འདུག འོན་ཀྱང་ས་ཁུལ་ཁག་ཅིག་ལ་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་ཡོད་པ་འཇོམས་མེད་ཅིང་། གཟའ་འཁོར་སྔོན་མར་རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་༦༠༠་ལྷག་ལ་བརྟག་དཔྱད་བྱས་ནས་ནད་དུག་འགོས་ཡོད་མཁན་མི་༧་ལས་ཐོན་མ་སོང་། ཚོགས་ཆུང་ཚོའི་ངོས་ནས་ནད་པ་ཚོར་གཟིགས་རྟོག་གི་ཞོར་དུ་ཏོག་དབྱིབས་ནད་ཡམས་ཀྱི་མདུན་སར་སྐྱོད་མཁན་ཚོར་དམིགས་བསལ་ཐུགས་ཁུར་བཞེས་བཞིན་ཡོད་ཅེས་བསྒྲགས།།

བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་གྱིས་ད་ལྟའི་དུས་སྐབས་འདིར་རྒྱ་གར་རྒྱལ་ཡོངས་སུ་སྨན་ཁབ་བགོ་འགྲེམ་བྱས་ཤིང་། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་རྒྱལ་ཡོངས་སུ་ཚོད་ལྟའི་སྦྱོང་བརྡར་སྤྲད་པའི་སྐབས་སུ་བདེ་ལེགས་སྨན་ཁང་ཡང་མཉམ་ཞུགས་བྱས་པ་ཡིན། ཕྱིས་སུ་དོན་དངོས་ལ་གང་འདྲ་ཞིག་ཡོང་རྒྱུ་ཡིན་མིན་ནི་བརྗོད་དཀའ། མི་ཚང་མས་ཏོག་དབྱིབས་ནད་དུག་ལ་སྔར་བཞིན་འཛེམ་ཟོན་དང་སྔོན་འགོག་གི་གོམས་གཤིས་འཇགས་ཐབས་བྱ་དགོས་ཞེས་སླར་ཡང་གཞེན་སྐུལ་གནང་སོང་།།

ཐོག་མར་རྒྱ་གར་རྒྱལ་ཡོངས་སུ་ཉིན་ལྟར་མི་གྲངས་འབུམ་གཅིག་ཡས་མས་ལ་འགོག་ཁབ་རྒྱག་ཐུབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་ཟླ་ཤས་ནང་ཚུད་དུ་མི་གྲངས་བྱེ་བ་༣་ལྷག་ལ་འགོག་ཁབ་རྒྱག་ཐུབ་རྒྱུའི་རྩིས་རྒྱག་གི་འདུག སྔོན་ལ་སྨན་པ་དང་སྨན་ཞབས་པ། ནད་ཡམས་ཀྱི་མདུན་དུ་ཐོན་མཁན་དང་ནད་པ་ཛ་དྲག་ཅན་ཚོར་སྨན་རིན་མི་དགོས་པར་འགོག་ཁབ་རྒྱག་རྒྱུ། རིམ་བཞིན་མང་ཚོགས་ཀྱི་ལག་ནས་སྨན་རིན་བསྡུས་ཏེ་འགོག་ཁབ་རྒྱག་འཆར་ཡོད་པ་རེད།།

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཡུ་རོབ་རྒྱལ་ཁབ་ཨོ་སི་ཊི་རི་ཡ་དང་སུད་སི་ཁུལ་དུ་གནས་འཁོད་བོད་པ་ཁག་ཅིག་གིས་རྒྱ་བལ་ཡུལ་གྲུ་གཉིས་སུ་གནས་འཁོད་བོད་པ་བཙན་བྱོལ་བའི་འགོག་ཁབ་ཀྱི་སྨན་ཡོན་ཆེད་དུ་ཡུ་སྒོར་༣༢༩༨་དང་སུད་སྒོར་༡༠༠༠་ཐམ་པ་བཅས་འཕྲོད་བསྟེན་ལས་ཁུངས་སུ་ཞལ་འདེབས་ཕུལ་འདུག ཕྱི་ཚེས་༡༤་བར་དུ་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱུང་བར་གཞིགས་ན། རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༤༧༩་བྱུང་ཡོད་ཅིང་། མི་༡༤༡༡་དྲག་སྐྱེད་བྱུང་བ་དང་མི་༣༧་འདས་གྲོངས། མི་༣༡་ལ་སྨན་བཅོས་བྱེད་བཞིན་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG