ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཕ་སྐད་སྲུང་སྐྱོབ་ཉིན་མོ་སྲུང་བརྩི།


༄༅།། ཕྱི་ཟླ་༢་ཚེས་༢༡་ཉིན་ནི་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཡིན་པ་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཚོགས་པ་ཁག་དང་བོད་པ་སྒེར་པ་བཅས་ཀྱིས་ཕ་སྐད་སྲུང་སྐྱོབ་ཉིན་མོར་སྲུང་བརྩི་ཞུས་ནས་དྲྭ་ལམ་དུ་རྩོམ་ཡིག་སྤེལ་བ་དང་གཏམ་བཤད་སོགས་ཀྱི་ལས་འགུལ་སྤེལ་ཡོད་ཅིང་། དཔེར་ན་སྤྱི་ཚོགས་དྲྭ་ལམ་དུ་བོད་ཡིག་གི་སྒྲུང་ཐུང་དང་རྩོམ་ཡིག་འབྲི་མཁན་ལོ་ན་༡༡་ལ་སོན་པའི་བུ་མོ་ཡང་བསྐྱར་སྒྲོལ་མས་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུ་རྒྱུ་ནི་གལ་འགངས་ཆེན་པོ་རེད། ཁོ་མོ་བོད་ཡིག་སློབ་སྦྱོང་བྱ་རྒྱུར་སྤྲོ་བ་ཡོད་ཅེས་བརྗོད་འདུག

རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་གྱི་ཏཱ་ལའི་བླ་མ་མཐོ་སློབ་ཁང་གི་བོད་ཀྱི་སྐད་ཡིག་ལ་དོ་དབྱིངས་ཡོད་མཁན་གཞོན་སྐྱེས་ཁག་ཅིག་གིས་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ཞེས་པ་ཞིག་བཙུགས། ཚོགས་པ་དེའི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ཀྱིས་ཏཱ་ལའི་བླ་མ་མཐོ་སློབ་གཙོས་བོད་པའི་གཞིས་སྒར་ཁག་གི་གཞོན་སྐྱེས་ཚོར་བོད་སྐད་བོད་ཡིག་སྲུང་སྐྱོབ་བྱ་རྒྱུའི་གོ་རྟོགས་འཕེལ་བའི་ལས་འགུལ་སྣ་ཚོགས་ཤིག་སྤེལ་གྱི་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ནི་༡༩༩༩་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་ལྷན་ཁང་གིས་གསལ་བསྒྲགས་སྤེལ་བ་བཞིན་༢༠༠༠་ལོ་ནས་འཛམ་གླིང་ཡོངས་སུ་ཉིན་མོ་འདིར་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུ་མགོ་ཚུགས། དེའི་དམིགས་ཡུལ་ནི་འཛམ་གླིང་འདིར་རིག་གཞུང་དང་སྐད་ཡིག་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་རྣམས་སྲུང་སྐྱོབ་བྱ་རྒྱུ། སྐད་ཡིག་རྩ་བརླག་གི་ཉེན་ཁར་དོགས་ཟོན་བྱ་རྒྱུ་དང་སྤྱི་ཚོགས་ལ་སྐད་ཡིག་གི་གོ་གནས་ངོས་འཛིན་ཐོབ་ནས་སྲུང་སྐྱོབ་བྱེད་དུ་འཇུག་རྒྱུ། འཛམ་གླིང་ཞི་བདེའི་ཆེད་དུ་སྐད་ཡིག་སྣ་མང་གི་བྱེད་སྒོར་བསམ་ཤེས་བྱེད་དགོས་པ་བཅས་ཀྱི་དོན་དུ་ཡིན་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG