ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱི་མཐའ་སྲུང་བོད་དམག་འདས་པོ་ཞིག་ལ་རྗེས་དྲན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་མི་དམག་དཔོན་དམ་པ་ཞིག་ལ་རྒྱ་གར་གྱིས་གཟེངས་རྟགས་ཕུལ།

༄༅།། མི་ལོ་༣༤་གོང་དེར་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་སྐབས་སུ་འཆི་སྐྱོན་བྱུང་བའི་བོད་པའི་དྭང་ཞབས་དམག་སྒར་ཨང་༢༢་པའི་དམག་དཔོན་གཞོན་པ་བསྟན་འཛིན་ནོར་བུ་དམ་པ་དེར་རྒྱ་གར་གྱི་སྲིད་བློན་མོ་དྷིའི་མཚན་ཐོག་ཏུ་གཞུང་འབྲེལ་གྱི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་ཡོད་ཅིང་། དེ་ཡང་ཕྱི་ཟླ་༢་པའི་ཚེས་༡༨་ཉིན་རྒྱ་གར་དབུས་གཞུང་གིས་བཀོད་ཁྱབ་འོག་རྒྱ་གར་བྱང་ཤར་ཁུལ་གྱི་ཨ་སམ་དམག་དཔུང་གི་དམག་སྤྱི་གཙོས་དམག་དཔོན་ཁག་ཅིག་ཤི་ལོང་ས་ཁུལ་དུ་གཞིས་ཚུགས་ཡོད་པའི་དམག་སྒར་ཨང་༢༢་པའི་དམག་དཔོན་གཞོན་པ་བསྟན་འཛིན་ནོར་བུ་དམ་པ་དེའི་ཁྱིམ་དུ་ཕེབས་ནས་ཤུལ་ལུས་བཟའ་ཟླ་དང་ཕྲུ་གུ་ཚོར་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་ཕུལ་འདུག

དམག་དཔོན་གཞོན་པ་བསྟན་འཛིན་ནོར་བུ་ནི་བོད་དུ་སྐྱེས་ཤིང་། ༡༩༦༩་ལོར་རྒྱ་གར་གྱི་དམག་ཁོངས་སུ་ཞུགས་ནས་བོད་པའི་དྭང་ཞབས་དམག་སྒར་༢༢་པའི་དཔུང་སྡེ་དང་པོར་ཚུད། ༡༩༨༠་ཐམ་པའི་ལོ་མཇུག་ཏུ་ལ་དྭགས་ཁུལ་དུ་རྒྱ་གར་གྱི་མཐའ་མཚམས་སྲུང་སྐྱོབ་ལ་བསྐྱོད་འགོ་ཚུགས། སྟབས་མ་ལེགས་པ་ཞིག་༡༩༨༨་ལོའི་ཕྱི་ཟླ་༣་པའི་ཚེས་༢༢ ཉིན་ས་མཚམས་སུ་ལྟ་སྲུང་བྱེད་བཞིན་པའི་སྐབས་སུ་གངས་རུད་འོག་ཏུ་མནན་ནས་ཚེ་སྲོག་ཤོར། འདི་ག་རླུང་འཕྲིན་ཁང་གིས་དམ་པ་དེའི་བཟའ་ཟླ་ཚེ་རིང་བུ་ཁྲིད་ལ་འབྲེལ་བ་བྱས་ནས་བཅར་འདྲི་ཞུས། ཁོང་གིས་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་སྤྲད་པར་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་ཞིག་བྱུང་སོང་ཞེས་ལན་འདེབས་བྱས་པར་མ་ཟད། ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཤི་ལོང་ས་གནས་ཀྱི་འགོ་འཛིན་པདྨ་དོན་གྲུབ་མཉམ་ཞུགས་གནང་འདུག

རྒྱ་གར་གྱི་དམིགས་བསལ་མཐའ་མཚམས་དཔུང་སྡེའམ། བོད་དམག་དྭང་སློབ་དམག་སྒར་༢༢་པ་ནི་རྒྱ་གར་དབུས་གཞུང་གིས་༡༩༦༢་ལོའི་ཕྱི་ཟླ་༡༡་པའི་ཚེས་༡༤་ཉིན་ལྡེ་ར་རྡུན་ས་གནས་སུ་གསར་འཛུགས་བྱས་པའི་གསང་བའི་དམག་གི་སྒྲིག་འཛུགས་ཤིག་ཡིན་ཞིང་། སྔ་ལོ་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་འཁྲུག་རྩོད་བྱུང་སྟེ་དམག་སྒར་༢༢་ཀྱི་རུ་དཔོན་ཉི་མ་ཚེ་རིང་ལ་འཆི་སྐྱོན་ཕོག རྒྱ་གར་དབུས་གཞུང་གིས་ཡོངས་བསྒྲགས་སུ་དམ་པ་དེར་ཆེ་བསྟོད་ཞུས། ཐེངས་འདིར་བསྟན་འཛིན་ནོར་དམ་པ་དེར་རྒྱ་གར་གྱི་སྲིད་བློན་མོ་དྷིའི་མཚན་ཐོག་ཏུ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ།

XS
SM
MD
LG