ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ལ་འགོག་ཁབ་རྒྱག་འགོ་ཚུགས་པ། 


༄༅།། ཟླ་བ་འདིའི་ཕྱི་ཚེས་༡༦་ཉིན་ནས་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ཁག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་འགོ་ཚུགས་ཡོད་པ་ལྟར་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་དང་མི་འབོར་མང་ཤོས་གནས་སྡོད་བྱ་ཡུལ་ཏེ། རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནི་འགོག་ཁབ་རྒྱག་ཡུལ་ཐོག་མ་དེར་གྱུར་ཡོད་ཅིང་། ཁ་སང་ཕྱི་ཚེས་༢༠་ནས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་འཕྲོད་བསྟེན་སྨན་ཁང་དང་གདན་ས་དགའ་ལྡན་དང་འབྲས་སྤུངས་གཉིས་ཀྱི་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ། རླངས་འཁོར་ཁ་ལོ་བ་དང་འཕྲོད་བསྟེན་ལས་བྱེད་པ་བཅས་མི་གྲངས་༨༡་ལ་དབྱིན་ཡུལ་དང་རྒྱ་གར་གཉིས་ཟུང་འབྲེལ་གྱིས་བཟོས་པའི་ཏོག་དབྱིབས་་པའི་སྨན་ཁབ་དེ་རིན་མེད་དུ་བརྒྱབ་ཡོད་ཅེས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་གིས་འགྲེལ་བརྗོད་གནང་སོང་།།

ཁོང་གིས་ཁ་སང་འགོག་ཁབ་བརྒྱབ་པའི་མི་དེ་ཚོར་ད་སྔ་ཞོར་གནོད་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་གང་ཡང་ཐོན་མི་འདུག མང་ཚོགས་ལ་རིམ་བཞིན་སྔོན་འགོག་སྨན་ཁབ་རིམ་པ་གཉིས་པ་དང་གསུམ་པ་བཅས་གོ་རིམ་ལྟར་རྒྱག་འཆར་ཡོད། རིམ་པ་གཉིས་པའི་མིང་ཐོ་བསྡུ་འཆར་ཡོད་པར་མ་ཟད། ནད་རྟགས་འདྲ་མིན་ཡོད་མཁན་ཚོར་སྨན་ཁབ་རིན་མེད་ཐོག་ཏུ་རྒྱག་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། འོན་ཀྱང་དུས་ཚོད་གཏན་ཁེལ་བྱུང་མེད་ཅེས་འགྲེལ་བརྗོད་གནང་སོང་། འདི་དང་དུས་མཚུངས་སུ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་སྨན་པ་དང་སྨན་ཞབས་པ། འཕྲོད་བསྟེན་ལས་བྱེད་པ་སོགས་ལའང་རིམ་པ་དང་པོའི་ནང་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཕྱི་ཚེས་༢༢་ཉིན་སྦེལ་ཀོབ་ས་གནས་འཚོ་བྱེད་སྨན་ཁང་དུ་རྒྱག་གཏན་ཁེལ་ཡོད་ཅེས་སྦེལ་ཀོབ་ས་གནས་འཕྲོད་བསྟེན་སྨན་ཁང་གི་དབུ་འཛིན་རིག་འཛིན་རྣམ་རྒྱལ་གྱིས་འགྲེལ་བརྗོད་གནང་བྱུང་། དེ་བཞིན་ཧུན་སུར་རབ་རྒྱས་གླིང་དང་ཀོ་ལི་གྷལ་དོན་ལྡན་གླིང་གི་སྨན་པ་དང་སྨན་ཞབས་ཚོ་ལའང་འགོག་ཁབ་ག་དུས་རྒྱག་རྒྱུ་ཡིན་མིན་དུས་ཚོད་གཏན་ཁེལ་བྱུང་མི་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཁག་དང་དགོན་སྡེ་ཁག སློབ་གྲྭ་ཁག་གི་སྨན་ཁང་དང་བོད་ཀྱི་སྨན་རྩིས་ཁང་གི་ཁྱབ་ཁོངས་སྨན་ཁང་ཁག་གི་སྨན་པ་དང་སྨན་ཞབས་སོགས་ཁྱོན་བསྡོམས་བཙན་བྱོལ་བོད་མི་༨༥༠་ལྷག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་གཏན་ཁེལ་ཡོད་པའི་གྲས་སུ་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་དགོས་ས་མི་གྲངས་༣༧༥་ཡོད་འདུག མང་ཚོགས་ལ་ག་དུས་འགོག་ཁབ་རྒྱག་གི་ཡོད་མེད་ཀྱི་དུས་ཚོད་ངེས་གཏན་བྱུང་མེད་ཅིང་། ཁ་སང་ཕྱི་ཚེས་༢༠་བར་དུ་རྒྱལ་གར་རྒྱལ་ཡོངས་སུ་མི་གྲངས་༦༣༡༠༠༠་ལ་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་ལྡན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG